འབྲུག་གི་སྲིད་ཀྱི་གནས་སྟངས།


འཛམ་གླིང་ཆགས་པའི་ནམ་དུས་ལས་ར་ འབྲུག་གི་ས་གནས་དེ་ནང་ཡང་མིའི་འགྲོ་བ་ཆགས་ཞིནམ་ལས་ རིམ་པར་བཞིན་དུ་ སངས་རྒྱས་གཉིས་པ་ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ཞབས་ཀྱིས་བཅགས་ བྱིན་གྱིས་བརླབས་གནང་སྟེ་ ཆོས་ནོར་ཟབ་གཏེར་མང་རབས་ཅིག་ གཏེར་ལུ་སྦ་གནང་ཞིནམ་ལས ནང་པ་སངས་རྒྱས་པའི་བསྟན་པའི་སྣང་བ་བྱུང་ནུག།
དེའི་ཤུལ་མ་ཆོས་ལུགས་སོ་སོའི་བླ་ཆེན་མང་རབས་ཅིག་བྱོན་ཏེ་ རི་དང་སྤོ་ཏོ་ཡོད་རེ་ཡོད་ཚད་ལུ་ དགོན་སྡེ་ཆགས་བཏབ་སྟེ་ ཆོས་གནང་པའི་ཞོར་ཁར་ མི་སེར་སྐྱོང་སྟེ་བཞུགས་ནུག། ཨིན་རུང་ ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་དང་ དཔལ་ལྡན་འབྲུག་པའི་བཀའ་སྲུང་དཔལ་ཡེ་ཤེས་མགོན་པོའི་བསྐུལ་མ་དང་འཁྲིལ་ཏེ་ དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ ལྷོ་མོན་འདི་ནང་ལུ་ཕྱག་ཕེབས་ཏེ་ ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ལས་ཆབ་སྲིད་བསྐྱངས་ཏེ་བཞུགས་ནུག།
དེ་ལས་བར་སྐབས་ཅིག་ལས་ ཆོས་དང་འབྲེལ་བའི་ཕྱག་ལཱ་ཚུ་ ཆོས་ཀྱི་དབུ་ཁྲིད་སྐྱབས་རྗེ་མཁན་ཆེན་རིམ་བྱོན་ཚུ་གིས་མཛད་དེ་ ཆོས་སྲིད་ཟུང་འབྲེལ་གྱི་གཞུང་སྐྱོང་གནང་ནུག དེ་བཟུམ་གྱི་གཞུང་སྐྱོང་ལམ་ལུགས་དེ་ སྤྱི་ལོ་༡༦༡༦ལུ་ དཔལ་འབྲུག་པ་རིན་པོ་ཆེ་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་ མཆོག་གིས་གཞི་བཙུགས་གནང་ཞིནམ་ལས་ཚུར་ སྤྱི་ལོ་༡༩༠༧ཚུན་ཚོད་ལུ་ ལྷན་རྒྱས་གཞུང་ཚོགས་དང་ གཞུང་གྲྭ་ཚང་གིས་བསྐོས་གནང་པའི་ སྡེ་སྲིད་ཚུ་གིས་རྒྱལ་ཁབ་སྐྱོང་ནུག།
ང་བཅས་ར་མི་མང་སྤྱི་མཐུན་དགེ་བའི་བསོད་ནམས་ལས་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ ཀྲོང་གསར་དཔོན་སློབ་སྦེ་བཞུགས་པའི་སྐབས་ རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་དཔོན་དང་དཔོན་སློབ་ཚུ་ག་ར་ ཁོ་གིས་དབང་ལུ་བསྡུ་སྟེ་ རྒྱལ་ཁབ་ནང་ལུ་ཞི་བདེ་དང་དགའ་སྐྱིད་བྱུངམ་ལས་ འབྲུག་གི་བླ་དཔོན་དང་འབངས་མི་སེར་ཆ་མཉམ་བློ་སེམས་སྤྱི་མཐུན་གྱི་ཐོག་ལས་ སྤྱི་ལོ་༡༩༠༧ལུ་ ཀྲོང་གསར་དཔོན་སློབ་ མི་རྗེ་གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ འབྲུག་རྒྱུད་འཛིན་གྱི་རྒྱལཔོ་དང་པ་སྦེ་ གསེར་ཁྲི་མངའ་གསོལ་ཞུ་ནུག། དེ་ལས་ཚུར་ རྒྱལ་ཁབ་འདི་ དབང་ཕྱུག་རྒྱུད་འཛིན་གྱི་རྒྱལཔོ་རིམ་བྱོན་ཚུ་གིས་སྐྱོང་སྟེ་ཡོདཔ་ཨིན།
དེ་ལས་རིམ་པར་བཞིན་དུ་སྤྱི་ལོ་༡༩༥༣ལུ་ མི་དབང་འབྲུག་རྒྱལ་༣པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ གཞུང་སྐྱོང་ནང་ལུ་ དབང་ཆ་ཕྱིར་སྤེལ་གྱི་དོན་ལུ་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་གཞི་བཙུགས་གནང་སྟེ་ འདི་ནང་ལུ་ མི་སེར་གྱི་འཐུས་མི་ཚུ་གིས་ ཁྲིམས་བཟོ་ནི་དང་ རྒྱལ་ཡོངས་ཀྱི་གནད་དོན་ཚུ་ གྲོས་བསྡུར་གནང་ས་གཙུག་སྡེ་ཅིག་སྦོམ་ཤོ་ཅིག་ཨིན་པས། དེ་མ་ཚད་ སྤྱི་ལོ་༡༩༦༣ལུ་ བློ་གྲོས་ཚོགས་སྡེ་ གཞི་བཙུགས་གནང་མི་དེ་གིས་ དབང་ཆ་ཕྱིར་སྤེལ་གྱི་སྲིད་བྱུས་ཚུ་ ལྷག་པར་ཡར་རྒྱས་གཏང་ཡོདཔ་ཨིན། དེ་གིས་རྒྱཔོ་དང་བློན་པོ་ལྷན་ཚོགས་ཀྱི་འཐུས་མི་ཚུ་ལུ་ གལ་གནད་ཅན་གྱི་གནད་དོན་ཚུ་གྲོས་བསྡུར་འབད་ནི་ལུ་ཕན་ཐོགས་སྦོམ་བྱུངམ་མ་ཚད་ འཆར་གཞིའི་ལས་སྣ་ཚུ་ཚུལ་མཐུན་སྦེ་ ལག་ལེན་འཐབ་ཡོདཔ་དང་མེདཔ་ཚུ་ ངེས་གཏན་བཟོ་ནི་ལུ་ཡང་ཕན་ཐོགས་བྱུང་ཡོདཔ་ཨིན།
སྤྱི་ལོ་༡༩༩༨ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ གཞུང་སྐྱོང་གི་དབང་ཆ་ བློན་པོ་ལྷན་ཚོགས་ལུ་གནང་མི་དེ་ དབང་ཆ་ཕྱིར་སྤེལ་གྱི་སྲིད་བྱུས་སྦོམ་ཤོས་ཅིག་ཨིན་མས། དེ་ལས་ཚུར་ རྒྱལཔོ་རིམ་བྱོན་ཚུ་གིས་ རྒྱལ་ཁབ་ཀྱི་ཞི་བདེ་དང་ ཉེན་སྲུང་གི་ཐུགས་འགན་ཧྲིལ་པོར་བཞེས་གནང་བ་མ་ཚད།  གཞུང་སྐྱོང་གི་ཕྱག་ལཱ་ཚུ་ བློན་ཆེན་གྱིས་མཛད་དོ་ཡོདཔ་ཨིན། སྤྱི་ལོ་༢༠༠༡ སྤྱི་ཟླ་༡༡པའི་ནང་ མི་དབང་འབྲུག་རྒྱལ་བཞི་པའི་ཞལ་བཀོད་དང་འཁྲིལ་ཏེ་ ཁྲིམས་སྤྱི་བློན་པོ་གིས་འགོ་འདྲེན་འཐབ་སྟེ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ཟིན་འབྲི་བཏབ་ནིའི་དོན་ལུ་ ཚོགས་པ་ཅིག་གཞི་བཙུགས་གནང་ཡི། རྩ་ཁྲིམས་འདི་སྤྱི་ལོ་༢༠༠༨ལུ་ དམང་གཙོའི་རིང་ལུགས་འགོ་བཙུགས་པའི་སྐབས་ ག་ཅི་ར་འབད་རུང་རྩ་ཁྲིམས་ཆེན་པོ་ལུ་གཞི་བཞགཔ་ཨིན། འབྲུག་གི་གཞུང་སྐྱོང་ལམ་ལུགས་ནང་ ཁྲིམས་བཟོ་ལྷན་སྡེ་དང་ དྲང་ཁྲིམས་ལྷན་སྡེ་ དེ་ལས་འཛིན་སྐྱོང་ལྷན་སྡེ་༣ཡོདཔ་ཨིནམ་དང་ གཞུང་སྐྱོང་ཚོགས་པ་དང་ ལྡོག་ཕྱོགས་ཚོགས་པ་ རྒྱལ་ཡོངས་ཚོགས་སྡེ་ཚུ་ ཁྲིམ་བཟོ་ལྷན་སྡེ་ནང་ཚུདཔ་ཨིན།
སྤྱི་ལོ་༢༠༠༨་ལུ་རྒྱལ་བརྒྱུད་ཀྱི་དམངས་གཙོའི་རིང་ལུགས་དབུ་བརྙེས་ནིའི་དོན་ལུ་ མི་སེར་དམངས་གཙོ་ཚོགསཔ་དང་ འབྲུག་ཕུན་སུམ་ཚོགས་པ་གཉིས་ ཁྱད་ཚད་ལྡན་པའི་ཚོགས་པ་སྦེ་ཐོ་བཀོད་གྲུབ་སྟེ་ རྒྱལ་ཡོངས་ལུ་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ལུ་ སྟབས་མ་བདེཝ་ག་ནེ་ཡང་མ་བྱུང་པ་ འབྲུག་ཕུན་སུམ་ཚོགས་པ་གིས་གཞུང་སྐྱོང་དང་ མི་སེར་དམངས་གཙོ་ཚོགས་པ་གིས་ལྡོག་ཕྱོགས་ཀྱི་ཕྱག་ལཱ་གནང་སྟེ་ སྔར་བ་ལྷག་པའི་ཡར་རྒྱས་གོང་འཕེལ་སོང་སྟེ་ཡོད།
དེ་ལས་སྤྱི་ལོ་༢༠༡༣ལུ་ སྲིད་ཚོགས་ལྔའི་བར་ན་དོ་འགྲན་འབདཝ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་གཞུང་སྐྱོང་མི་དང་ འབྲུག་ཕུན་སུམ་ཚོགས་པ་གིས་ལྡོ་ཕྱོགས་ཀྱི་ཕྱག་ལཱ་གནང་དོ་ཡོདཔ་ཨིན།

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s