ལོ་འབག


ལོ་འབག་དུས་སྟོན་དེ་ ལོ་བསྟར་བཞིན་དུ་ རང་ཟླ་༡༠ པའི་ཚེས་༢༩ ལུ་ བརྩི་སྲུང་འབད་དོ་ཡོདཔ་ཨིནམ་ད། དེ་ཡང་རྒྱལ་ཁབ་ཀྱི་ནུབ་ཕྱོགས་ ཧཱཔ་དང་ སྤ་རོཔ་ཚུ་གིས་ ལོ་གསརཔ་ཚེས་པའི་དུས་སྟོན་ཅིག་སྦེ་བརྩིསཝ་ཨིན་པས།

ཧོན་ཏོད།

རང་ཟླ་༡༠ པའི་ཚེས་༢༩ ལུ་ ལོ་འབག་གི་དུས་སྟོན་ བརྩི་སྲུང་འབད་ནི་ འགོ་བཙུགས་ཞིནམ་ལས་ རང་ཟླ་༡༡ པའི་ཚེས་༢ ཚུན་ ཕོ་སྐྱེས་ཚུ་གིས་ མདའ་དང་ ཁུ་ར་རྐྱབ་སྟེ་ སྤྲོ་སྟོན་དོ་ཡོདཔ་ཨིན་པས།
དུས་སྟོན་དེའི་སྐབས་ ས་གནས་ག་ཏེ་སྡོད་རུང་ དུས་ཚོད་བཏོན་ཏེ་ རང་གི་གཡུས་ཁར་ཕམ་སྤུན་ཆ་དང་གདོང་སྐོར་རྐྱབ་སྟེ་ ལོ་བབས་བརྩི་སྲུང་འབད་སྲོལ་འདུག

ཚེས་༢༩ གི་ཕྱི་རུ་ གཡུས་ཚན་ཚུ་ནང་ ཨ་ལུ་ཚུ་གིས་ སྡེ་ཚན་བཟོ་ཞིནམ་ལས་ ལོ་ལེགས་བགྱང་དོ་ཡོདཔ་ད་ དེ་བསྒང་ ལོ་ལེགས་ཀྱི་ཚིག་ཚུ་ཡང་ སྟེང་ཐོག་མི་གིས་གང་སོང་ བཀྲིས་ཤོག། བར་ནང་འབྲུ་གིས་གང་སོང་ བཀྲིས་ཤོག། ཨོ་ཁང་ནང་ནོར་གྱིས་གང་སོང་ བཀྲིས་ཤོག།ཟེར་ ཁྱིམ་ཚུ་ནང་ ཧོན་ཏོད་ལྷང་པར་འགྱོ་དོ་ཡོདཔ་ཨིན་པས།

ཧོན་ཏོད་བཟོ་ཐངས་དང་རྫས་སྦྱོར།

ཧོན་ཏོད་བཟོ་བའི་སྐབས་ལུ་ ཤའི་རིགས་ཚུ་ ལག་ལེན་འཐབ་ནི་མེདཔ་ད་ ཧོན་ཏོད་དེ་གཙོ་བོ་ར་ ལོམ་སྐམ་དང་ གཡུང་རྡོག་ སྒོགཔ་ ཐིང་ངེ་ ས་ལྒ་ ཨེ་ཕྱེ་ཚུ་བླུགས་ཏེ་བཟོ་དོ་ཡོདཔ་ད་ ཕྱིའི་པགས་ཀོ་དེ་ བྱཱོ་ཕྱེ་གིས་བཟོ་དོ་ཡོདཔ་ཨིན་པས།
ཧཱཔ་ཚུ་གིས་ ལོ་བབས་དུས་སྟོན་ བརྩི་ཞིནམ་ལས་ ལོ་ཐེབས་རྩིས་དོ་ཡོདཔ་ལས་ རྐྱེན་བར་ཆད་ཚུ་ ག་ནི་ཡང་འབྱུང་མ་བཅུག་པར་ བསམ་དོན་ཆོས་བཞིན་དུ་འགྲུབ་ཚུགས་པའི་ སྨོན་ལམ་བཏབ་དོ་ཡོདཔ་ཨིན་པས།ལོ་འབག་གི་སྐོར་ལས་ ཁུངས་དེ་བ་དྲགསཔ་སྦེ་བཀལ་མི་ཡང་འོང་ནི་ཨིན་རུང་ ང་རང་གིས་རྒས་ཤོས་རེ་རེ་གཉིས་གཉིས་ལུ་དྲིས་ཡོདཔ་མ་གཏོགས་ ཡིད་ཚིམས་ཅིག་ཞིབ་འཚོལ་འབད་མ་ཚུགསཔ་ལས་བློ་ཕམ་ཡོད། ཨིན་རུང་གཞན་གྱིས་རྒྱས་ཤིང་རྒྱསཔ་སྦེ་བསྡུ་སྒྲིག་མཛད་གནང་འོང་ཟེར་རེ་བ་ཡོད།

 

%d bloggers like this: