ལམ་བགྲེས་སངས་རྒྱས་རྡོ་རྗེའི་རྟོགས་བརྗོད།


འབྲུག་གི་བླ་ཆེན་མང་རབས་ཅིག་གི་རྟོགས་བརྗོད་དང་ རྣམ་ཐར་ཚུ་མཇལ་བའི་ཡུལ་ལུ་ཡོད་རུང་ བར་སྐབས་ཅིག་ཁར་བྱོན་མི་ མཁས་དབང་ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་གིས་ ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་སེངྒེ་རྫོང་། ཀུར་སྟོད་བྱང་ཆུབ་ཆོས་གླིང་། ལྷུང་མཚོ་དགོན་པ། རྟ་ལོག་སྤང་དཀར་པོར་བཞུགས་ཏེ་ སྐལ་ལྡན་གྱི་བུ་སློབ་རྗེས་སུ་བཟུང་སྟེ་  འཆད་རྩོད་རྩོམ་གསུམ་གྱི་བསྟན་པ་སྤེལ་གནང་ཡོད་རུང་ མཛད་རྣམ་ཡིག་ཐོག་ལུ་བཀོད་ནི་ལུ་ཐུགས་འདོད་མེདཔ་མ་ཚད་ དུས་དབང་ལས་བརྟེན་ རྣམ་ཐར་མདོར་བསྡུས་ཅིག་ར་ ཡིག་ཐོག་ལུ་བཀོད་མ་ཚུགས་མི་འདི་ སེམས་ཕམ་གྱི་གཞི་ཅིག་ཨིན་པས།

རྟ་ལོག་ལས་ཨིན་མི་ཨ་ཎི་ཟླ་བ་གིས་ མཁས་དབང་མཆོག་གི་སྐུ་ཚེའི་རིང་ལུ་ ཚེ་དང་སྒྲུབ་པ་མཉམ་སྟེ་བཞུགས་པའི་ལོ་རྒྱུས་སླབ་ཡོད་རུང་ དེ་བསྒང་ང་ར་ལོ་ན་ཆུང་པའི་སྟབས་ཀྱིས་ ཡིག་ཐོག་ལུ་བཀོད་མ་ཚུགས། ད་རེས་དུས་ཚོད་མ་ཕྱིསཔ་ཅིག་ཁ་ལས་ ཡིག་ཐོག་ལུ་བཀོད་ནིའི་རྩིས་རྐྱབ་སྟེ་འབད་རུང་ ཨ་མ་གྱོངས་མི་གིས་སླབ་མི་ཚུ་ ཧིང་སངས་ཅིག་དཔྱད་རིག་བཏང་མ་ཚུགས་རུང་ སྔོན་མ་མཁས་དབང་མཆོག་ལས་ཆོས་འབྲེལ་ཐོབ་མི་དང་ མཚན་སྙན་ལུ་དད་མོས་ཅན་ཚུ་གིས་བསྐུལ་མ་ལུ་བརྟེན་ རེ་བ་བར་སྟོང་མ་བཏང་ཙམ་ལུ་ མདོར་བསྡུས་ཅིག་བྲིས་ཏེ་ཡོད།

མཁས་དབང་ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་ ཐིམ་ཕུག་དང་སྤུ་ན་ཁའི་སྣུམ་འཁོར་གཞུང་ལམ་ལྟག་ལུ་ སྟོདཔ་སྟོང་ཅུ་ཁ་ལས་ཨིན་པས། དགུང་ལོ་༧དེ་ཅིག་ལས་ གཞུང་གྲྭ་ཚང་ནང་འཛུལ་ཏེ་ ཆོས་སྤྱོད་རིམ་པ་ཚུ་སྦྱངས་བརྩོན་གནང་། བྱམས་མགོན་ཡེ་ཤེས་རྡོ་རྗེའི་ཞབས་ལས་དཔལ་ལྡན་འབྲུག་པའི་ལུགས་ཀྱི་དབང་ལུང་ཁྲིད་གསུམ་ཚུ་གསན་ནུག

གཞུང་གྲྭ་ཚང་ནང་ གདངས་དབྱངས་ཀྱི་ཕྱག་སྲོལ་གཅིག་མཚུངས་མེད་པའི་དུས་ལུ་ དེའི་སྐབས་ཀྱི་སྐྱབས་རྗེ་མཁན་ཆེན་ཆོས་ཀྱི་དབང་ཕྱུག་མཆོག་གིས་ སྤུངས་ཐང་མགོན་པོའི་དབང་ཆོག་གནང་པའི་བསྒང་ གསོལ་ཇ་བཞེས་པའི་སྐབས་ ཕྱག་ཅོག་སྒྲོམ་བརྡབ་སྟེ་ ཚོགས་དམངས་ཁུ་སིམ་སི་སྦེ་བཞུགསཔ་ད་ ཞལ་ལས་ འཇིག་རྟེན་པའི་དཔྱེ་གཏམ་ལུ་ ན་བྱེ་གང་གི་སྦུག་ལས་ན་རྡོག་གཅིག་ཡར་ཡརཝ་གིས་ རྒྱལ་ཕམ་བརྩི་མི་ཚུགས་ཟེར་སླབ་མི་དེ་ཡང་མི་བདེན་པས། ག་ཅི་སྨོ་ཟེར་བ་ཅིན་ ལམ་བགྲེས་སངས་རྒྱས་རྡོ་རྗེ་མ་བཞུགས་པའི་བསྒང་ལས་ མགོན་པོའི་དབང་ཆེན་གཞིས་ཡར་སོ་ནུག་ཟེར་ལོ་རྒྱུས་གསུངསམ་མ་ཚད་ དགེ་འདུན་དམངས་ཀ་ཅུང་འཛོམས་ཏེ་ ཕྲལ་མགྱོགས་ར་ ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་ སྤུངས་ཐང་རྫོང་ནང་གདན་འདྲེན་ཞུ་སྟེ་ གདངས་དབྱངས་སློབ་སྟོན་གནང་གུ་ཞལ་འཆམ་བྱུང་ནུག

བླམ་བསོད་ནམས་བཟང་པོ་མཆོག་དང་ ལམ་བགྲེས་སངས་རྒྱས་རྡོ་རྗེ་གཉིས་ བོད་གངས་ཅན་གྱི་ལྗོངས་ལུ་ སྐུ་ཡོན་བཞེས་ཏེ་བཞུགས་པའི་སྐབས་ཀྱི་ཆོས་གྲོགས་ཨིནམ་ལས་ གཅིག་གིས་གཅིག་ལུ་གུས་བཀུར་གནང་དོ་ཡོདཔ་ཨིན་པས། བར་སྐབས་ཅིག་ཁར་ ཉམས་ལེན་གྱི་དོགས་དཔྱོད་འབད་མི་ཅིག་ བླམ་བསོད་ནམས་བཟང་པོའི་སྐུ་མདུན་ལུ་བཅརཝ་ད་ ཞལ་ལས་ ལམ་བགྲེས་སངས་རྒྱས་རྡོ་རྗེ་ལས་ཆོས་འབྲེལ་ཡོད་ག་ཟེར་གསུངསམ་ད་ མེད་ཟེར་ཞུཝ་ད་ ཡུདཔ་ཐེངས་ཅིག་དགོངས་པ་ལུ་བཞུགས་ཞིན་ན་ ཁྱོད་བསོད་ནམས་ཆུང་པས་ཚགས་ཁར་མ་ཚུད་པས་ཟེར་གསུངས་པའི་ལོ་རྒྱུས་ བླམ་བསོད་ནམས་བཟང་པོའི་སློབ་མ་ཨ་ཞང་ཧཱཔ་གིས་གསུང་སར་གོ་ཡི།

ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་ རྟ་ལོག་སྒང་ཁ་ཁྱིམ་སྦོམ་མི་ནང་གི་མི་ཚན་ཚུ་དང་ གནསཔོ་གནས་འབྱོར་ཨིནམ་ལས་ ཉིན་མ་གསུང་ཆོག་གནང་མ་ག་ཏེ་བྱོན་རུང་ ཕྱི་རུང་སྒང་ཁ་ཁྱིམ་སྦོམ་མི་ནང་བྱོན་དོ་ཡོདཔ་ཨིན་པས། ཨིན་རུང་ སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལུ་བརྟེན་ ངེའི་ཨ་མ་ཟླ་བ་སྐྱེས་ལོ་༢༡ལུ་གཟེར་ཕོགཔ་སྟེ་ཡོད་མི་འདི་བཅོ་ནིའི་དོན་ལུ་ ངེའི་ཨང་རྒས་དཀོན་མཆོག་བཟངམོ་གིས་ ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་གི་ཞབས་སར་བཅརཝ་ད་ ཐུགས་བརྟག་གཟིགས་ཞིནམ་ལས་ གདོན་བཅོས་རིམ་འགྲོ་དང་ སྔགས་མར་སྔགས་ཆུ་གནང་མི་འདི་གིས་ ཕན་ཐོགས་བྱུང་ཡོདཔ་ལས་ གཏན་རྐྱང་ རྟ་ལོག་སྤང་དཀར་པོ་གླིང་ཀ་ནང་བཞུགས་དགོཔ་སྦེ་གསོལཝ་བཏབ་མི་ལུ་ཞལ་གྱིས་བཞེས་ནུག

20180324_182235 - Copy

ལམ་བགྲེས་སངས་རྒྱས་རྡོ་རྗེའི་ཕྱག་བྲིས་ངོ་མ།

ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་གིས་ ཧེ་མ་ང་བཅས་གཉིས་ བདེ་ལེགས་ཚོ་ཁར་སྨོན་ལམ་ཚོགས་ཆེན་ནང་གྲས་ཁར་གཏོགས་པའི་སྐབས་ ང་བཅས་ཀྱི་གནསཔོ་འདི་ ངེའི་རྡོག་པའི་མཇུག་ལས་ཕར་ ལག་པ་དར་ཅིག་བཤེད་སྦེ་ སློབ་དཔོན་བྱོན་ཤིག བྱོན་གེ་ཟེར་སླབ་འབད་སྦེ་ མཚམས་ཁང་གི་ཟུར་ཁ་ལས་ཕར་ཡར་སོང་ཡི་ཟེར་གསུངས་མི་འདི་ དོན་ལུ་ཡི་དམ་ལྷ་ཡིས་གདན་འདྲེན་ཞུ་ཡོདཔ་ཨིན་རུང་ མ་རིག་པ་གིས་སྒྲིབ་སྟེ་ཧ་གོ་མ་ཚུགས་ཟེར་ཨ་ཎི་ཟླ་བ་ཡིས་བཤདཔ་ཨིན་པས།

རང་ཟླ་བདུན་པའི་ཚེས་༡༥གི་དྲོ་པ་ ད་རིས་དུས་བཟང་ཨིན་པས། སྐར་མེ་ཕུལ་ཟེར་གསུངས་མི་དང་འཁྲིལ་ཏེ་ སྐར་མེ་ཕུལ་ཚར་བའི་ཤུལ་ལུ་ ས་ཁར་གཟིམ་ནི་ཨིན་ཟེར་སེངྒེ་འགྱིང་བལྟབས་སྦེ་གཟིམ་འབད་སྦེ་ རྡོག་མ་ཁམ་རྡོག་ཅིག་བཞེས་ཞིནམ་ལས་ སྤྱན་བར་ན་ཁམས་ལུ་གཟིགས་ཏེ་ ཕ་མ་སེམས་ཅན་ཐམ་ཅད་བདེ་དང་ལྡན་གྱུར་ཏེ། །ངན་འགྲོ་ཐམ་ཅད་རྟག་ཏུ་སྟོང་བ་དང་། །བྱང་ཆུབ་སེམས་དཔའ་གང་དང་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་འགྱུར་ཅིག །ཟེར་གསུངས་ཚརཝ་ཅིག་ དགོངས་པ་ཆོས་དབྱིངས་ལུ་ཕེབས་ནུག།