བྱིས་པའི་དཔའ་བོ།


འབྲུག་རྒྱལ་ཁབ་ནང་ལུ་ ལེགས་པའི་རྟེན་འབྲེལ་ག་ཅི་ར་བརྩི་རུང་ སྐུ་མགྲོན་གཙོ་བོ་ཕེབས་བསུ་ཞུ་བའི་ནམ་དུས་ལུ་ ཆིབས་གྲལ་གྱི་རིམ་པ་སྒྲིགཔ་ད་ བྱིས་པའི་དཔའ་བོ་རྐྱབ་སྲོལ་ཡོད་མི་འདི་ སྤ་རོ་དཔོན་སློབ་ཨ་རྒས་ཧཔ་ མཚན་ངོ་མ་ཚུལ་ཁྲིམས་རྣམ་རྒྱལ་གྱིས་གསར་བཙུགས་གནང་ནུག

དེ་ཡང་རྒྱལ་རབས་གསལ་བའི་སྒྲོན་མེ་ལས་ ཞབས་དྲུང་ཐུགས་སྤྲུལ་བཞི་པ་ངག་དབང་འཇིགས་མེད་ནོར་བུ་མཆོག་ སྐུ་ན་ཆུང་ཀུ་བསྒང་ལས་ སྡེ་སྲིད་སོ་བཞི་པ་ཨ་ཐང་འཕྲིན་ལས་ཀྱིས་སྤུ་ན་ཁ་རྗོང་ནང་ལུ་གདན་འདྲེན་ཞུ་ཏེ་ གོང་མའི་གསེར་ཁྲི་གུ་མངའ་གསོལ་ཞུ་ནུག ཨིན་རུང་འཛོམས་པའི་མཐའ་མ་བྲལ་ནི་དང་། བསགས་པའི་མཐའ་མ་ཟད་ནི། སྐྱེ་བའི་མཐའ་མ་ཤི་ནི་འདི། འཇིག་རྟེན་གྱི་རང་བཞིན་ཨིནམ་ལས་ སྡེ་སྲིད་ཨ་ཐང་པ་འཕྲིན་ལས་བཤགས་སོང་པའི་ཤུལ་ལུ་ བྲི་ཀྲྀཤ་ དང་བོད་གཞུང་གི་བྱེལཝ་དང་ སྡེ་སྲིད་དང་དཔོན་སློབ་ཀྱི་གོ་གནས་སྐོར་ལས་མ་འགྲིག་པ་ནང་འཁྲུགས་འཐོན་ཏེ་ མི་སེར་ཚུ་ལུ་སྟབས་མ་བདེཝ་བྱུང་ནུག

དུས་ཚོད་དེ་བསྒང་ཞབས་དྲུང་འཇིགས་མེད་ནོར་བུའི་ཡབ་ཀྲོང་གསར་དཔོན་སློབ་བསྟན་འཛིན་ཆོས་རྒྱལ་འདི་ ཐིམ་ཕུ་རྫོང་དཔོན་ཚེ་དབང་གི་དཀྲོངས་དཔ་ཨིན་མས། དགེ་འདུན་པ་དམངས་དང་སྤ་རོ་དཔོན་སློབ་ཨ་རྒས་ཧཔ་གིས་ ཞབས་དྲུང་རིན་པོ་ཆེ་ དགུང་ལོ་༢༠་བཞེསཔ་ད་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་་བྱོན་དགོཔ་སྦེ་གསོལཝ་བཏབ་ཞིན་དུ་ སྤྱི་ལོ་༡༨༥༠་རབ་བྱུང་༡༥་པའི་ལོར་ སྡེ་སྲིད་ཁྲི་རབས་༣༩སྦེ་གསེར་ཁྲི་མངའ་གསོལ་ཞུ་བའི་སྐབས་ ཆིབས་གྲལ་བཙར་ཏེ་བྱོནམ་ད་ དཔོན་སློབ་ཨ་རྒས་ཧཔ་གིས་ ཕྱི་ཁར་འཛོམས་མི་ཚུ་སེམས་ཡེངས་བཅུག་ནི་དང དགྲ་བྱང་ཕྱེད་ཚུ་ལས་སྲུང་སྐྱོབས་ཀྱི་དོན་ལུ་བྱིས་པའི་དཔའ་བོ་རྐྱབ་མི་ མི་གཉིས་ཀྱིས་གྱལ་གཡས་གཡོན་གཉིས་ལས་ཡར་མར་བརྗེ་སྟེ་ལེའུ་བསྒྱུར་བརྫུས་བཏབ་སྟེ་ མི་ཚུ་ཕར་དང་ཚུར་བདའ་སྟེ་སྲུང་སྐྱོབ་འབད་བའི་ཚུལ་དང ་ནང་ལྟར་དུ་འཇིགས་པ་མེད་པའི་དཔའ་བོའི་མཐུ་སྟོབས་ཕྱི་ཁར་བཏོན་པའི་ཚུལ་ཨིན་པས། འདི་ལས་ཚུར་ བྱིས་དཔའི་བོ་ཟེར་ཟེར་བའི་ཐ་སྙད་གསརཔོ་ཅིག་དར་སྟེ་འོང་མི་འདི་ ད་རེས་ནངས་པ་ཡང་འབྲུག་རྒྱལ་ཁབ་ནང་ལུ་ཡོངས་སྦེ་དར་ཁྱབ་སོང་སྟེ་ཡོདཔ་ཨིན།

ཆས་སྒྲིག་ཐངས། རྒྱུ་འབུ་ར་དང་གོས་ཆེན་ག་ཅི་ཨིན་རུང་ ཚུལ་དང་མཐུན་ཏོག་ཏོ་སྦེ་གྱོན། ཁོད་སྟོད་ལུ་དར་མཛོད་སྣ་ལྔའི་སེ་བསྐོར་རྐྱབ། སྦལ་ཁམ། ཕོར་ཤུབས། དངུལ་ཤུབས་མེ་ཏོག་གི་ཐོད། འཛིང་སྐྱ་དང་སྦྲགས་དགོཔ་ཨིན་མས། ཁོད་སྨད་ལུ་སྨད་གཡོག་དཀརཔོ་ཚིའུ་བསྡུ་བསྡུཝ་ དེ་ལས་རྒྱབ་ཁར་དཔའ་རྟགས་བན་ཀེ་ཀེ་སྦེ་བཙུགས། ལག་པར་དར་དཔྱང་་དང་བཅས་པའི་ཀྲང་ཀྲིང་ཆེ་ཆུང་རན་ཏོག་ཏོ་ཅིག་དགོཔ་ཨིན་མས།་ 

དང་ཕུ་འབད་བ་ཅིན་ མི་གྲངས་གཉིས་རེ་འབད་རྐྱབ་སྲོལ་ཡོདཔ་ཨིན་རུང་ ད་རེས་ནངས་པ་མི་གྲངས་བཞི་འབད་རྐྱབ་སྲོལ་ཡོདཔ་མ་ཚད་ དགྲ་ལྷ་ལུ་བསྟོད་པའི་ཚིག་ཚུ་གདངས་དབྱངས་ཀྱི་ཐོག་ལས་བསྐོར་རྐྱབ་སྦེ་འཐེནམ་ཨིན་པས།