རྟ་ལོག་གསང་སྔགས་ཆོས་གླིང་།


DSC06897

 

ཞབས་དྲུང་ཐུགས་སྤྲུལ་རིམ་བྱོན་གྱི་གདན་ས་ རྟ་ལོག་གསང་སྔགས༌ཆོས༌གླིང༌འདི༌ རི་ནོར་བུ་འབྲང་རྒྱས་དང་ཆ་འདྲའི་གུ་ ག་ནེ་བ་ཉམས་དགའ་ཏོག་ཏོ་སྦེ་ཆགས་ཏེ་ཡོད།   རྟ༌ལོག༌དགོན་སྡེའི་མཐའ༌བསྐོར༌ཏེ༌ གྲུབ་ཐོབ་ངག་དབང་བསམ་གཏན་གྱི་གདན་ས་བྱག་དཀར་པོ་དང་། བྱ་ཁྱུང་དཀར་མོ། ཡབ་མེས་ངག་དབང་ཆོས་རྒྱལ་གྱི་གདན་ས་ཕྲིན་ལས་སྒང་། རྒྱལ་བ་ཤཱཀྱ་རིན་ཆེན་གྱི་གདན་ས་ན་ད་ལི་ད། ནོར་བུ་སྒང་གི་དགོན་སྡེ་ཚུ་གིས་མན་དྲལ་ཕུལ་བའི་ཚུལ་ལུ་ཡོདཔ་མ་ཚད། དེ་ལས་བླམ་འགྲོ་མགོན་ཞང་གི་གདན་ས་གླང་པོའི་ཟེ། ཉི་ཟེར་སྤྲུལ་སྐུ་རིམ་བྱོན་གྱི་གདན་ས་ཉི་ཟེར་སྒང་། བྱམས་མགོན་ངག་དབང་རྒྱལ་མཚན་གྱི་གདན་ས་སེ་བ་ལ། གཏེར་བཏོན་རྡོ་རྗེ་གླིང་པ་གིས་བཏོན་གནང་མི་གླིང་མུ་གཏེར་ཆུ། སྡོམ་དཔའ་ལའི་དགོན་སྡེ་ཚུ་ ལག་མཐིལ་སྦུག་ལུ་ལེན་ལེནམ་བཟུམ་སྦེ་མཇལ་ཚུགསཔ་མ་ཚད་། སྤུ་ན་གཙང་ཆུ་འདི་ཡོན་ཆབ་ཕུལ་དོ་བཟུམ་སྦེ་ཡོདཔ་ལས་ ས་གནས་འདི་མཐོང་གསལ་ཆེའི་ས་གོ་ཅིག་ཨིན་པས།

རྟ་ལོག་གི་ས་གནས་འདི་ སྔོན་གྱི་དུས་ལུ་མིའི་འུར་བྱེལ་མེད་པའི་ སྤང་རི་ཉམས་དགའ་ཏོག་ཏོ་ཅིག་ཨིནམ་ལས་ འཁྲུངས་གཡུས་སྟོད་པའི་ས་ལས་ཨིན་མི་ རྣལ་འབྱོརཔ་གསུང་དབང་རབ་རྒྱས་མཆོག་ ས་གནས་དེ་ཁར་སྒྲུབ་པར་བཞུགས་པའི་སྐབས་ ཆོས་ཉིད་ཀྱི་དོན༌རྟོགས་ཏེ་ མཁས་པའི་སྙན་གྲགས་ས་ཕྱོགས་ཐདམ་ཐད་ཁར་ཁྱབ་སྟེ་ ཞབས་སར་ཆོས་ཞུ་མི་གྱངས་ཁ་མ་ཆོདཔ་སྦེ་བྱུང་ནུག འ་ནི་བསྒང་སྐལ་ལྡན་གྱི་སློབ་མ་དང་། དད་ཅན་གྱི་སྦྱིན་བདག་ཆ་ཁྱབ་ཀྱིས་ རྩ་བའི་བླ་མ་རྗེས་དྲན་གྱི་དོན་ལུ་དང་། བསོད་ནམས་བསགས་པའི་རྟེན་སྦེ་ ལྷ་ཁང་ཆུང་ཀུ་ཅིག་བཞེངས་ཏེ་ ནང་རྟེན་ཐུབ་དབང་བཅོམ་ལྡན་འདས་ཀྱི་སྐུ་འདྲ་བཞུགས་སུ་གསོལཝ་མ་ཚད། མཐའ་མཇུག་ལུ་སྐལ་ལྡན་གྱི་བུ་སློབ་དགེ་སློང་ཞལ་གྲངས་༡༥གིས་ རྣམ་རྒྱལ་མའི་མཆོད་རྟེན་ཅིག་ཡང་གསར་བཞེངས་གནང་ནུག། ཞབས་དྲུང་ཐུགས་སྤྲུལ་རིམ་བྱོན་ཚུའི་ ཐུགས་དམ་གཙོ་བོ་རྣམ་རྒྱལ་མ་ཨིན་མི་འདི་གིས་ ཤུལ་མ་དགོན་སྡེ་འདི་ནང་ དཔལ་ལྡན་འབྲུག་པའི་བསྟན་པ་དར་ཞིང་རྒྱས་ནིའི་ལུང་བསྟན་ཨིནམ་ཐག་ཆོད་པས། ལོ་རྒྱུས་དང་འཁྲིལཝ་ད་ མཆོད་རྟེན་འདི་ཚུལ་ཁྲིམས་ལྡན་པའི་དགེ་སློང་ཚུ་གིས་ བཞེངས་བཞེངསམ་ཨིནམ་ལས་ གྲིབ་ཁམས་ཀྱིས་ནའི་བའི་སྐབས་ལུ་ མཆོད༌རྟེན༌ནང༌ལས༌ཡོན༌ཆབ༌ཞུ༌སྟེ་ཕྱི་ལས༌འཁྱུ༌ ནང་ན་འཐུང་པ་ཅིན་ བཙོག་གྲིབ་དག་པའི་ཡིད༌ཆེས་བསྐྱེདཔ༌ཨིན༌པས།

དང་ཕུགས་རྟ་ལོག་གི་རི་མཇུག་སྤུ་ན་ཁར་ རྒྱ་གར་གྱི་གྲོང་གཡུས་ཆགས་ཏེ་ཡོདཔ་ལས་ རྒྱ་སྐད་ནང་རི་དེའི་མིང་ཨ་ཏ་མོ་ཨ་ཀ་ཟེར་སླབ་སྲོལ་བྱུང་མི་དེ་ ཡིད་བཟང་རོལ་པ་འོད་ཀྱི་ཚལ་ཟེར་ཞུ་མི་དེ་ནང་ མ་འོངས་པའི་དུས་ལུ་ བཤད་སྒྲུབ་ཀྱི་ཆོས་སྡེ་འབྱུང་ནིའི་རྟེན་འབྲེལ་དང་ལུང་བསྟན་ཡང་གནང་ནུག དེ་མ་ཚད་ངག་དབང་ཀུན་བཟང་རྒྱལ་མཚན་མཆོག་ སྤང་དཀར་པོར་ཁམས་སངས་ལུ་བཞུགས་པའི་སྐབས་ ཕྱག་ཞུ་མི་ཚུ་ལུ་ ང་སྐྱེ་བ་ཤུལ་མ་འབྲུག་རྒྱལ་ཁམས་ནང་ དབང་ཚད་ཅན་ཅིག་ལུ་སྐྱེ་སྟེ་ དགོན་སྡེ་འདི་ནང་ལུ་སྤྱན་རས་གཟིགས་ཀྱི་སྐུ་འདྲ་སྦོམ་ཆུང་གི་ཚད་ ཤར་བྱ་གདང་རུད་ཆད་ལས་མཇལ་ཚུགས་མི་ཅིག་བཞེངས་ནི་ཨིན་ཟེར་ དགོད་བྲོ་བཟུམ་ཅིག་སྦེ་གསུངས་རུང་ དོན་ལུ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ ཞབས་དྲུང་འཇིགས་མེད་གྲགསཔ་མཆོག་ གདུལ་སེམས་ཅན་གྱི་དོན་ལུ་བྱོན་ཏེ་ མཛད་འཕྲིན་དར་ཞིང་རྒྱས་ཞིན་ན་ དཔལ་ལྡན་འབྲུག་པའི་བསྟན་པ་ གོང་དུ་འཕེལ་ནིའི་ལུང་བསྟན་བཟུམ་ཅིག་ཨིན་པས། ཨིན་རུང་བར་སྐབས་ཅིག་ལས་ དགོན་སྡེ་བདག་འཛིན་འཐབ་མི་འདི་ཨིན་ཟེརཝ་ཅིག་ག་ཡང་མེདཔ་ལས་ ཆརཔ་འཛགས་ཏེ་ཉམས་སྐྱོན་བྱུང་སྟེ་ཡོད་པའི་ནམ་དུས་ལུ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཡང་སྲིད་བླམ་འཇིགས་མེད་སེངྒེ་གིས་ སྔོན་མ་གི་ལྷ་ཁང་འདི་རྒྱ་བསྐྱེད་གནང་ ནང་རྟེན་སྟོན་པའི་སྐུ་འདྲ་དེ་ཡང་ཉམས་གསོ་ཞུཝ་མ་ཚད་ མགོན་པོ་ལྕམ་དྲལ་གྱི་མགོན་ཁང་གཞི་བཙུགས་མཛད་དེ་ དཔལ་ལྡན་འབྲུག་པའི་བསྟན་པ་ཁ་གསོ་མཛད་ནུག དེ་མ་ཚད་སྡེ་སྲིད་ཁྲི་རབས་༢༤པ་དབུ་ མཛད་སྤ་རོཔ་གིས་ རྟ་ལོག་གི་དགོན་སྡེ་འདི་ ཞབས་དྲུང་ཐུགས་སྤྲུལ་༣པ་འཇིགས་མེད་གྲགས་པ་ལུ་ཕུལཝ་ད། ག་ཅི་འདེ་ཐུགས་མཉེས་ཏེ་ དགུང་ལོ་༡༥བཞེས་པའི་ སྤྱི་ལོ་༡༨༠༥རབ་བྱུང་༡༣པའི་གནམ་ལོ་ཤིང་གླང་ཟླཝ་༣པའི་ཚེས་༡་ལུ་ རྟ་ལོག་གསང་སྔགས་ཆོས་གླིང་ལུ་ཕེབས་ཞིན་ན་ དཔལ་ལྡན་འབྲུག་པའི་བཀའ་སྲུང་མགོན་པོ་ལྕམ་དྲལ་ལུ་ ཐུགས་དམ་བསྐང་བའི་མདོས་ཆོག་གནང་། གྲོལ་བའི་ཚེ་སྔར་བཅོལ་ལེགས་པའི་གཏང་རག་རྒྱས་ཤིང་རྒྱསཔ་སྦེ་གནང་ནུག། དེའི་སྐབས་རྟ་ལོགཔ་ཚུ་གིས་གསོལཝ་བཏབ་བཞིན་དུ་ མགོན་པོ་ཚེ་དཔག་མེད་ཀྱི་བཀའ་དབང་ཡང་གནང་ནུག།

ཞབས་དྲུང་འཇིགས་མེད་གྲགས་པ་མཆོག་གིས་ སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྲུང་སྐྱོབ་དང༌། ལྷག་པར་དུ་དཔལ་ལྡན་བླ་མ་མཚུངས་མེད་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ངག་དབང་རྣམ་རྒྱལ་ཞབས་ཀྱིས་ལེགས་པར་སྐྱོང་བའི་ལྷོ་ལྗོངས་ཡངས་པའི་རྒྱལ་ཁམས་ འདི་ནང་ ཞི་བདེ་དང་དགའ་སྐྱིད་ཡར་འཕེལ་གྱི་དོན་ལུ་ དཔལ་ལྡན་འབྲུག་པའི་བསྟན་པ་རིན་པོ་ཆེ་དང་། དེ་བདག་འཛིན་འཐབ་མི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཚུ་ སྲུང་ཞིང་སྐྱོང་བར་མཛད་པའི་དོན་ལུ་ བསམ་ཡས་ལས་ ཆོས་སྐྱོང་རྒྱལ་ཆེན་ཀུན་ཏུ་བཟང་པོ་སྤྱན་དྲངས་ཏེ་ རྟ་ལོག་རྒྱལ་ཁང་ནང་བཞུགས་སུ་གསོལ། གཙོ་བོ་རྒྱུ་སྨན་འདམ་ལས་གྲུབ་པའི་ཡུམ་ཅན་ གསེར་ཟངས་ཀྱི་དབུ་ཞྭ་གུ་ གཡུ་བྱུ་རུ་མུ་ཏིག་གིས་བརྒྱན། ཕྱག་མཚན་རྒྱུ་དངུལ་གྱིས་བརྡུངས་ན་བཟའ་གོས་ཆེན་ཆ་ཚང་ཕུལ། ནང་བློན་རྩེ་མར་དང་རྡོར་ལེགས་ཀྱི་བཀའ་ཁྲབ་གཉིས་ དབུ་ལུ་ལྕགས་རྨོག་དང་ ན་བཟའ་དར་དཔྱངས་དང་བཅསཔ་སྦེ་ཕུལ། དེ་ལས་གཡས་ཀྱི་རུ་འདྲེན་སྟག་ཤ་བརྒྱ། གཡོན་གྱི་རུ་འདྲེན་དགེ་སློང་བརྒྱ། སླད་ཀྱི་རྗེས་འདྲེན་སྔགས་པ་ནག་པོ་བརྒྱ། མདུན་གྱི་ཤུལ་འདྲེན་པ་བུད་མེད་ནག་པོ་བརྒྱ། མཁར་མཁན་སྐྱོབ་སངས་བྷ་ལ་སོགས་པའི་སྐྱེས་བུ་གིང་གི་ཚོགས་ཀྱིས་བསྐོར་ཏེ་མ་ཚང་ཚངམ་སྦེ་བཞེངས་གནང་། གཞན་ཡང་ཉེ་བར་མཁོའི་མཆོད་རྫས་ཀྱི་རིགས་དང་། མཆོད་ཆས་ཇ་ཕུད་བཀང་ས་དང་ དམོད་འབྲུའི་སྣོད་ཚུ་ལས་འགོ་བཟུང་མཁོ་སྒྲུབ་གནང་སྟེ་ བསྟན་འགྲོའི་བདེ་སྐྱིད་གོང་འཕེལ་གྱི་དོན་ལུ་དགེ་བའི་རྩ་བ་བྱང་ཆུབ་ལུ་བསྔོ་གནང་ནུག དེ་ཡང་རྗེ་བཙུན་མཆོག་གིས་ཀུན་བཟང་མཆོད་སྤྲིན་ཆེ། །ཆོས་སྐྱོང་རྒྱལ་པོ་མཉེས་པའི་དགའ་སྟོན་བསྒྲུབས། །དེས་ཀྱང་ཅི་བཅོལ་བཀའ་དང་ཐོད་དུ་བཅིངས། །དམ་པའི་དགོངས་བཞེད་རྫོགས་པའི་དགྱེས་པ་བསྐྱེད། །ངག་གི་མཐུ་སྟོབས་ནུས་པ་སྟོབས་ལྡན་གྱིས། །དྲེགས་པའི་ལྷ་ཡང་བྲན་དུ་བཀོལ་ཏེ་ཞེས།།དམ་པ་ཉིད་ལ་བསྟོད་བཀུར་ཅི་མི་བགྱིད། །སྐྱེ་བར་གོམས་པའི་ཏིང་འཛིན་མཐུ་ལགས་སོ། །ཟེརགསུངས་མི་དང་མཐུནམ་ཨིན་པས།།

 

 

 

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s

%d bloggers like this: