རྟ་མགོ་ཆོས་དབྱིངས་ཕོ་བྲང་།


uuu

རྟ་མགོ་ཆོས་དབྱིངས་ཕོ་བྲང་།

ཐིམ་ཕུག་ཁྲོམ་ལས་ བྱང་ཕྱོགས་ཁ་ཐུག་ལུ་ ཀི་ལོ་མི་ཀྲར་༡༦དེ་ཅིག་གི་ས་ཁར་ཡོད་མི་ རྡོར་གདན་ན་ལས་ཁ་ཡར་ལྟ་སྟེ་ དུས་ཡུན་ཆུ་ཚོད་ཕྱེད་ལྷགཔ་ཅིག་རྐང་སྟོང་སྦེ་འགྱོཝ་ད་ ས་གནས་ག་ནེ་བ་ཉམས་དགའ་ཏོག་ཏོ་ཅིག་ཁར་ཆགས་ཏེ་ཡོད་མི་རྟ་མགོ་ཆོས་དབྱིངས་རྫོང་འདི་ སྒང་གི་སྐེད་པར་ལྷ་ཡི་ཕོ་བྲང་ཆགས་ཆགཔ་བཟུམ་སྦེ་ ཕྱིའི་ལྕགས་རི་དང་ ནང་གི་གཙུག་ལག་ཁང་ཚུ་ ཡ་མཚན་ཅན་གྱི་མཛེས་ཆོས་ཐོག་ལུ་མཇལ་ནི་ཡོདཔ་ཨིན།

དགོན་པའི་མིང་རྟ་མགོ་ཟེར་ཞུ་དགོ་མི་དེ་ཡང་ རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ ཁྲོ་རྒྱལ་རྟ་མཆོག་རོལ་པའི་སྐུ་ བྱག་རི་གི་རྣམ་པ་ལུ་བྱོན་མིའི་གུ་ རྟའི་མགུ་ཏོ་ཡོད་མི་ལུ་བརྟེན་ཏེ་ཨིནམ་ད་ རྟའི་མགུ་ཏོ་དེ་ ད་ལྟོ་བར་ན་ཡང་ཉམས་སྐྱོན་མེད་པར་མཇལ་ཚུགསཔ་ཨིན་མས། རྟ་མགོའི་གནས་དེ་ ཨོ་རྒྱན་པངྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་གནང་པའི་ཁར་ དཔལ་ལྡན་འབྲུག་པའི་གདུང་སྲས་ངག་དབང་བསྟན་འཛིན་མཆོག་གིས་ གནས་སྒོ་ཕྱེ་གནང་ཡོདཔ་ཨིན་མས། དེ་གི་ཤུལ་ལས་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ཡབ་རྗེ་བསྟན་པའི་ཉི་མའི་སྐུ་གདུང་རིན་པོ་ཆེ་ མེ་མཆོད་ཕུལ་བའི་སྐབས་ལུ་ དཔལ་འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་ རྡོའི་ལོགས་ལུ་རང་བྱུང་སྦེ་བྱོན་ཡོད་མི་ཚུ་ ད་ལྟོ་བར་ན་ཡང་ཉམས་སྐྱོན་མེད་པར་མཇལ་ནི་ཡོདཔ་ཨིན་པས།

དཔལ་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ རྟ་མགོའི་སྒྲུབ་ཕུག་ནང་ དཔལ་ཡེ་ཤེས་མགོན་པོའི་བསྙེན་སྒྲུབ་གནང་བཞུགས་པའི་སྐབས་ལུ་ ཕྱིའི་དགྲ་སྡེ་སྡེ་སྲིད་གཙང་པ་དང་ མ་རུངས་པའི་འདྲེ་སྲིན་གདུག་པ་ཅན་ཚུ་དབང་ལུ་འདུ་སྟེ་ ཐལ་བར་བརླག་པའི་རྟེན་འབྲེལ་དང་ རྟགས་མཚན་ལུ་རྒྱུན་གཏོར་ལས་མེ་འབར་ཡོདཔ་ད་ གནད་དོན་དེ་ལུ་བརྟེན་ཏེ་ ཞབས་དྲུང་གི་མཚན་ཡང་བདུད་འཇོམས་རྡོ་རྗེ་གསོལ་བའི་ཁར་ མགོན་ཁང་དེ་ཡང་རྩ་ཆེ་ཤོས་ཅིག་ཨིན་མས། དེ་མ་ཚད་སྐུ་མཚམས་ལུ་བཞུགས་པའི་སྐབས་ལུ་ཡང་ ནག་ཕྱོགས་བདུད་རིགས་འབྱུང་པོ་ལེ་ཤ་ཅིག་གིས་ ཆོ་འཕྲུལ་སྣ་ཚོགས་བཏོན་ཏེ་ རྟ་མགོའི་བྱག་རི་དེ་ གནམ་མེད་ས་མེད་སྤར་བའི་འུར་སྒྲ་གིས་བསྐལ་པའི་བྲག་རི་ཚུ་བརྡིབས་ཏེ་ ཞབས་དྲུང་རིན་པོ་ཆེའི་དབུའི་སྟེང་ལུ་ཕབ་རུང་ ཞབས་དྲུང་རིན་པོ་ཆེའི་ཏིང་ངེ་འཛིན་དང་ རིགས་སྔགས་ཀྱི་ནུས་མཐུ་ལུ་བརྟེན་ཏེ་ བླ་བྲེ་གིས་བཏེགས་བཞག་མི་དེ་ མ་འོངས་པའི་སྐྱེ་བོ་ཚུ་གིས་དད་པ་བསྐྱེད་ནིའི་རྟེན་ལུ་ ད་ལྟོ་ཡང་ཉམས་སྐྱོན་མེད་པར་བཞུགས་ཡོདཔ་ཨིན།

རྟ་མགོ་གནས་ཀྱི་ལྷ་ཁང་གི་འོག་ཐོག་ལུ་ རྟེན་གྱི་གཙོ་བོ་རྟ་མགྲིན་གསུང་བྱོནམ་དང་    ཡི་དམ་ལྷ་ཚོགས་མཇལ་ཚུགས་པའི་ཤེལ་རྡོ་ གདུང་སྲས་ངག་དབང་བསྟན་འཛིན་གྱིས་ ཕ་ཇོ་སྡིངས་ཐུགས་རྗེ་བྲག་ལས་གཏེར་ལས་བཞེས་མི་ རྟ་མགྲིན་ཞལ་གསུམ་མ་ཕུར་ཤམ་ཅན་གྱིས་གཙོས་པའི་ ནང་རྟེན་བསམ་གྱིས་མི་ཁྱབ་བཞུགས་ཡོདཔ་ཨིན།

རྟ་མགོ་གནས་ཀྱི་མཇུག་ལུ་ཙན་དན་ཤིང་གསུམ་ཡོད་མི་དེ་ ཕ་ཇོ་འབྲུག་སྒོམ་ཞིག་པོ་གིས་ ལྷོ་ལྗོངས་འདི་ནང་ དཀར་བརྒྱུད་ཀྱི་བསྟན་པ་དར་ཁྱབ་འབྱུང་ནིའི་སྨོན་ལམ་གྱི་མཚམས་སྦྱར་ཏེ་ ཕྱག་འཁར་ས་ཁར་བརྡབ་མི་དེ་ལས་སྐྱེ་སྐྱེསཝ་ཨིནམ་ད་ ཤིང་དེའི་སྦོ་ལོགས་ཁར་སྤང་ཆུང་ཀུ་ཅིག་གི་ནང་ མཆོད་རྟེན་ཅིག་ཡོད་མི་དེ་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་མཆོག་ ཞིང་ཁམས་ལུ་བྱོན་པའི་ཤུལ་ལུ་བཞེངས་གནང་གནངམ་ཨིན་མས།

སྡེ་སྲིད་ཁྲི་རབས་༨པ་རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་གིས་    སྟོན་པའི་འདས་ལོ་༢༥༦༧སྤྱི་ལོ་༡༦༨༩ལུ་ བཟོ་བཀོད་ཕུན་སུམ་ཚོགས་པའི་ རྟ་མགོ་ཆོས་དབྱིངས་ཕོ་བྲང་ཟུར་༡༢མ་དེ་ བར་རྐྱེན་ག་ནེ་ཡང་མ་བྱུང་པར་ དུས་ཡུན་ཟླཝ་གཉིས་ཀྱི་ནང་འཁོད་བཞེངས་གནང་ནུག།

དབུ་རྩེ་ཐོག་གསུམ་འབད་མིའི་འོག་ཐོག་ལུ་    རྟེན་གྱི་གཙོ་བོ་ བལ་ཡུལ་ནེ་པལ་གྱི་བཟོ་བོ་པན་ཙན་དེ་བ་གིས་བཞེངས་མི་ སྨོན་ལམ་གང་བཏབ་ཐེབས་པའི་ཤཀྱཱ་རྒྱལ་པོའི་སྐུ་འདྲ་དང་ དེའི་གཡས་གཡོན་ལུ་སངས་རྒྱས་མར་མེ་མཛད་དང་ བྱམས་པ་མགོན་པོའི་སྐུ་འདྲ། དེ་ལས་མི་ཚད་ཙམ་རེ་འབད་མི་ ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་འདྲ་ཚུ་དང་ མགོན་ཁང་ཡོདཔ་ཨིན་མས།

བར་ཐོག་ལོངས་སྐུའི་ལྷ་ཁང་ནང་ བཟོ་བོ་པན་ཙན་དེ་ཝའི་ཕྱག་བཟོ་ཨིན་མི་ རྟེན་གྱི་གཙོ་བོ་སྤྱན་རས་གཟིགས་དང་ གཡས་ཁ་ཐུག་ལུ་གུ་རུའི་ལྷ་ཁང༌། གཡོན་ཁ་ཐུག་ལུ་རྣམ་སྲས་ཕོ་བྲང་གི་ལྷ་ཁང་ཨིན་མས།

སྟེང་ཐོག་ལུ་ཆོས་སྐུའི་ལྷ་ཁང་ནང་ ནང་རྟེན་གཙོ་བོ་མགོན་པོ་ཚེ་དཔག་མེད་དང་ གཡས་གཡོན་དུ་ཞབས་དྲུང་རིན་པོ་ཆེ་དང་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་སྐུ་འདྲ་ཡོདཔ་དང་ དེ་གི་གཡས་ཁ་ཐུག་ལུ་ རྒྱལ་སྲས་ཀྱི་གཟིམ་ཁང་ནང་ རྒྱལ་སྲས་མཆོག་གིས་ཞལ་དངོས་སུ་གཟིགས་མི་ ཨོ་རྒྱན་གུ་རུ་པད་མ་སམ་བྷའི་སྐུ་འདྲ་དང་ལོངས་སྐུའི་ཕྱག་བཟོ་ངོ་མ་ཨིན་མི་ དཀར་བརྒྱུད་གསེར་འཕྲེང་གི་སྐུ་འདྲ་ཚུ་ཡོདཔ་ཨིན་མས། རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་ དགུང་གྲངས་༥༩ལུ་ དགོངས་པ་མྱང་ངན་ལས་འདས་པའི་སྐབས་ལུ་ ལྷ་ཁང་དེ་ནང་གི་ལྡེབས་རིས་དང་སྐུ་འདྲ་ཚུ་ ཆ་མཉམ་ར་སྡུག་བསྔལ་ཚད་མེད་ཀྱིས་མནར་ཏེ་ སྤྱན་ཆབ་ཤོར་བའི་རྣམ་པ་ཚུ་ ད་ལྟོ་ཡང་དངོས་སུ་མཇལ་ནི་ཡོདཔ་ཨིན་མས། རྟ་མགོ་རྫོང་གི་ལྷ་ཁང་སྟེང་འོག་བར་གསུམ་གྱི་ ལྡེབས་རིས་ཚུ་ ལྷ་བྲིསཔ་བྱང་ཆུབ་སེམས་དཔའི་ཕྱག་བཟོ་ངོ་མ་ཨིན་ཟེར་ གནས་ཡིག་ནང་བཀོད་དེ་འདུག།

དབུ་རྩེའི་གདོང་ཁར་རྡོ་གཅལ་བའི་སྦུག་ལུ་ ཡ་མཚན་ཅན་གྱི་སྒྲུབ་ཆུ་ཅིག་ཡོད་མི་དེ་ གནམ་འབྱར་གྱི་དུས་ཚོད་ལུ་སྦོམ་འགྱོ་ནི་དང་ དགུན་གྱི་དུས་ཚོད་ལུ་སྐམ་ནི་ཚུ་རྩ་ལས་མེདཔ་ཨིན་མས།

སྤྱི་ལོ་༡༩༦༦དང་སྟོན་པའི་འདས་ལོ་༣༠༢༤རབ་བྱུང་༡༦པའི་ཤིང་རྟ་ལོར་ རྗེ་མཁན་ཁྲི་རབས་༦༤་པ་ འཇམ་དབྱངས་ཡེ་ཤེས་སེངྒ་དང་ རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ འབྲུག་པ་དཀར་བརྒྱུད་ཀྱི་བསྟན་པ་མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ སྒྲུབ་སྡེ་གཞི་བཙུགས་གནང་ཡོདཔ་ཨིན་མས།

སྤྱི་ལོ་༡༩༧༧ལུ་ རྒྱལ་ཡུམ་ཨ་ཞེ་སྐལ་བཟང་མཆོག་གིས་ གཙུག་ལག་ཁང་གི་ཉམས་གསོ་མཛད་པའི་ཤུལ་ལས་ ད་རུང་གཞུང་ཞབས་ཀྱིས་སྤྱི་ལོ་༡༩༨༠་གྱ་གྲངས་ཀྱི་ཕྱིས་ཁམས་ཅིག་ལས་ སྔར་ལས་ལྷག་པའི་འགྱུར་མེད་བརྟན་པོར་བཟོ་ནིའི་དོན་ལུ་ ལྷ་ཁང་གིས་གཙོས་པའི་དགེ་སློང་གི་གྲྭ་ཤག་ཚུ་ རྩ་བ་ལས་ར་ལོག་བཞེངས་གནང་ཡོདཔ་ཨིན་མས།

རྟ་མགོ་མཐོ་རིམ་བཤད་གྲྭ་དེ་ རྗེ་མཁན་ཁྲི་རབས་༦༨་པ་བསྟན་འཛིན་དོན་གྲུབ་མཆོག་དང་ ཆོས་རྒྱལ་ཁྲི་རབས་༤་པ་ མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་ སྒོས་སུ་འབྲུག་པ་དཀར་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ མི་ཉམས་གོང་འཕེལ་དང་ རྩ་བརྟན་བཟོ་ནིའི་དམིགས་ཡུལ་ལུ་ སྤྱི་ལོ་༡༩༨༨གནམ་ལོ་ས་འབྲུག་ལོ་ལུ་ འགོ་འབྱེད་མཛད་གནང་ཡོདཔ་ཨིན་མས།།

 

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s