མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གྱི་གཟིམ་ཅུང་།


རྒྱལ་ས་ཐིམ་ཕུག་ལས་ ཕུན་ཚོགས་གླིང་གི་སྣུམ་འཁོར་གཞུང་ལམ་བདའ་སྟེ་ ཀི་ལོ་མི་ཀྲར་༡༥ལྷགཔ་ཅིག་གི་ས་ཁར་ རྣམ་སྲས་གླིང་གཡུས་ཚན་གྱི་གདོང་ཕྱོགས་ སྲིནམོ་དྭངས་ལོག་གཡུས་ཚན་ནང་ རང་ལུགས་ཀྱི་འབྲུག་པའི་ཁྱིམ་ཐོག་༣འབད་མི་དེ་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གྱི་གཟིམ་ཅུང་ཡོད་མི་དེ་ ད་རེས་ནངས་པ་ལྷ་ཁང་སྦེ་ལག་ལེན་འཐབ་ཨིན་པས།
མཁའ་འགྲོའི་གཟིམ་ཅུང་དེ་ སྲིནམོ་དྭངས་ལོག་གཡུས་ཚན་དེ་ནང་ ཁྱིམ་གུང་པ་༡༠ལྷགཔ་ཅིག་ཡོད་མི་ལས་ རྙིང་ཤོས་ཅིག་ཨིན་མི་དེ་ཡང་ གཟིམ་ཅུང་དེ་ དུས་རབས་༡༢པ་སྤྱི་ལོ་༡༡༩༩དེ་ཅིག་ནང་བཞེངས་ཡོདཔ་ལས་ ད་རེས་འབདཝ་ད་མི་ལོ་༨༠༠ལྷགཔ་ཅིག་སོང་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གྱི་གཟིམ་ཅུང་དེ་ གཞུང་གྲྭ་ཚང་གིས་རྩིས་མ་མ་བཞེས་པའི་ཧེ་མར་ ཨཔ་གཡང་ཀ་ཟེར་མི་དེ་གིས་ བདག་འཛིན་འཐབ་སྡོད་ཡོདཔ་ཨིན་རུང་ ཨཔ་དེ་གིས་ གཟིམ་ཅུང་དེ་    དངུལ་ཀྲམ་༤༠༠སྦེ་མི་ཅིག་ལུ་བཙོང་ནུག་ཟེར་ཨིན་པས།
ཧེ་མར་ གཟིམ་ཅུང་དེ་ནང་ མཁའ་འགྲོའི་གཟིམ་ཁང་མ་གཏོགས་ གཞན་ག་ནེ་ཡང་མེད་རུང་ ཤུལ་ལས་ རྩིག་གྱང་ཚུ་ ཉམས་བཅོས་འབད་ཞིནམ་ལས་ སྒྲོལ་མ་ཉེར་གཅིག་དང་ མ་གཅིག་ལབ་སྒྲོན་གྱི་ལྷ་ཁང་༢ནང་ནའི་ནང་རྟེན་དང་  ལྡེབས་རིས་གསར་བཞེངས་འབད་ཡི་ཟེར་ཨིན་པས།
སྒྲོལ་མ་ཉེར་གཅིག་གི་ལྷ་ཁང་ནང་ ནང་རྟེན་གཙོ་བོ་ སྒྲོལ་མ་ཉེར་གཅིག་གི་སྐུ་འདྲ་གིས་གཙོས་པའི་ ཡོངས་གྲགས་ལུ་ འབྲུག་གི་སྒོང་རྡོག་ནོར་བུ་ ཡང་ཅིན་ གཏེར་གྱི་བྱེ་བྲག་༡ གུ་རུ་གཙོ་འཁོར་༣ ཚེ་རིང་དྲུག་དཀར་དང་    མཐུན་པ་སྤུན་༤འི་ལྡེབས་རིས་ཚུ་ཡོད་ཟེར་ཨིན་པས།
དེ་ལས་ མ་གཅིག་ལབ་སྒྲོན་གྱི་ ལྷ་ཁང་ནང་ མ་གཅིག་ལབ་སྒྲོན་གྱི་ སྐུ་འདྲ་གིས་གཙོས་པའི་ ཕ་ཇོ་འབྲུག་སྒོམ་ཞིག་པོ་དང་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གྱི་ ཡབ་ཡུམ་དང་ སྲས་དང་སྐུ་འཁོར་ ཞབས་དྲུང་ ཚེ་ལྷ་རྣམ་༣ ཞིང་སྐྱོང་དབང་མོ་ དགོངས་འདུས་ལྷ་༩ དང་ མ་གཅིག་ལབ་སྒྲོན་གྱི་ ལྡེབས་རིས་ཚུ་མཛེས་ཆ་དང་ལྡནམ་སྦེ་མཇལ་ནི་འདུག།
ད་རིས་ནངས་པ་ལྷ་ཁང་དེ་ནང་ རབ་སྡེ་དང་ སྒོམ་སྡེ་གཞན་ཚུ་བཟུམ་སྦེ་ར་ དྲོ་པ་ལྷ་བསངས་ལས་འགོ་བཙུགས་ ཡར་ངོ་དང་ མར་ངོའི་ཚེས་བཅུ་ཚུ་ཡང་བཟུང་སྲོལ་ཡོདཔ་མ་ཚད་ དམིགས་བསལ་གྱི་འབུམ་སྡེ་དེ་ རང་ཟླ་༡པའི་ཚེས་༡༥ལུ་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་ རྟ་མགོ་གནས་ཀྱི་འོག་ལུ་ སྐུ་འཇའ་ལུས་གྲུབ་སྟེ་ཞིང་ཕེབས་པའི་སྐུ་མཆོད་    ཉིནམ་༢༢བཟུང་ནི་ཡོད་པ་ཨིན་པས།
རིགས་བཟང་གི་མཁའ་འགྲོ་མ་ བསོད་ནམས་དཔལ་སྒྲོན་དེ་ ཕ་ཇོ་འབྲུག་སྒོམ་ཞིག་པོའི་ལུང་བསྟན་གྱི་ མཁའ་འགྲོ་ཨིནམ་བཞིན་དུ་ དེ་ཡང་ ཆོས་རྗེ་གཙང་པ་རྒྱ་རས་ཀྱིས་ སྐུ་ཚ་བོ་དབོན་རས་དར་མ་སེངྒེ་ལུ་ མ་འོངས་པར་ སངས་རྒྱས་ཀྱི་བསྟན་པ་དེ་ ལྷོ་མོན་ཁ་ཐུག་ལུ་དར་འོང་ དེ་གི་དོན་ལུ་ ལུང་བསྟན་གྱི་སྐྱེས་བུ་ཅིག་ བོད་ཁམས་བཀྲིས་སྒང་ཁ་ཐུག་ལས་འཐོན་འོང་། ཨིན་རུང་ ང་དང་དངོས་སུ་ཕྱད་ནིའི་ལུང་བསྟན་མེད་ཟེར་ གསུངས་ནུག་ཟེར་ཨིན་པས།
དེ་ལས་ ལྷོ་མོན་ཁ་ཐུག་ལུ་ སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་སྐབས་ འཕྲིན་ལས་སྒྲུབ་པའི་གྲོགས་ མ་གཅིག་ལབ་སྒྲོན་གྱི་སྤྲུལ་པ་ཅིག་ སྲིནམོ་དྭངས་ལོག་གཡུས་ཚན་ནང་འཁྲུངས་ནི་ཨིནམ་ལས་ ཁོ་ལྷོ་མོན་ལུ་གཏང་ཟེར་ ལུང་བསྟན་བཞག་མི་དེ་ དབེན་རས་དར་མ་སེངྒེ་གིས་ ཕ་ཇོ་ལུ་གསུངས་ཡོད་བཞིན་དུ་ ཕ་ཇོ་འབྲུག་སྒོམ་ཞིག་པོ་གླིང་བཞི་ལས་བརྒྱུད་དེ་ ཐིམ་ཕུག་ལུ་བྱོན་ཡོདཔ་ཨིན་པས།
དེ་ལས་ མཁའ་འགྲོའི་ཨ་ཞེམོ་དང་ ཆ་རོགས་བུམོ་༤དང་གཅིག་ཁར་ རི་ཁར་སོག་འཕྱག་པར་འགྱོཝ་ད་ ཝང་སེངྒེ་ཕུག་ལུ་ སྒྲུབ་པ་གནང་བཞུགས་མི་ ཕ་ཇོ་རིན་པོ་ཆེ་དང་མཇལ་ཡོདཔ་བཞིན་དུ་ ཕ་ཇོ་གིས་ དྲི་བ་གསུངསམ་ད་ མཁའ་འགྲོའི་ཨ་ཞེམོ་གིས་ ངེའི་ནུམོ་གིས་ ལོ་ངོ་༣གྱི་རྒྱབ་ལས་ ངེའི་ལུང་བསྟན་གྱི་བླམ་བྱོན་འོང་ཟེར་སླབ་སྟེ་    མནའ་མ་བཏང་རུང་   རྩ་ལས་ར་ཉན་མ་བཏུབ་ཨིན་པས།
དེ་ལས་ ཕ་ཇོ་འབྲུག་སྒོམ་ཞིག་པོ་གིས་ གཡུས་ཚན་དེ་གི་ ཆུ་ཕ་ཁ་ལས་ ཞབས་ཁྲ་འཐེན་པའི་སྐབས་ ཕ་ཇོའི་གསུང་སྐད་གོཝ་ཅིག་ མཁའ་འགྲོ་ཐགས་འཐག་བཞུགས་ས་ལས་ ཡར་བཞེངས་པའི་ཤུལ་ལས་ ཁྱོད་ལུང་བསྟན་གྱི་བླམ་ཨིན་ན་ ཡང་ཅིན་ བདུད་ཀྱི་སྤྲུལ་པ་ཨིན་ན་ བླམ་གྱི་སྤྲུལ་པ་ཨིན་པ་ཅིན་ ན་ལུ་བྱོན་ བདུད་ཀྱི་ སྤྲུལ་པ་ཨིན་པ་ཅིན་ ལོག་བྱོན་ཟེར་ གཅིག་གིས་གཅིག་ལུ་ གླུ་ལེན་ཕུལ་ཡི་ར་བྱོན་པའི་མཐའ་མར་ ལུང་བསྟན་ཟམ་པ་ལུ་ མཇལ་ཕྲད་མཛད་གནང་ཡོདཔ་ལས་ ཟམ་པའི་མིང་ཡང་ལུང་བསྟན་ཟམ་པ་ཟེར་ཡོངས་གྲགས་སོང་ནུག་ཟེར་ཞུ་ནི་ཨིན།།

%d bloggers like this: