དགོན་ཚེ་ཕུག་གི་གནས་བཤད་བསྡུས་པ།


gen-shedraསྤུངས་ཐང་ཁ་མོ་ཆུ་ཕར་ཁ་ལས་ བྱང་ཕྱོགས་མགར་ས་ཁ་ཐུག་ སྣུམ་འཁོར་གཞུང་ལམ་བདའ་སྟེ་ ཀི་ལོ་མི་ཊར་༢༥དེ་ཅིག་གི་ས་ཁར་ དགོན་ཤར་རི་ཟམ་པ་ལས་ རང་བཞིན་མཐའ་འཁོར་མཛེས་ཆ་དང་ལྡན་པའི་སྦུག་ལས་ སོ་ནམ་ཞིང་ལམ་བདའ་སྟེ་ ཀི་ལོ་མི་ཊར་༡༠དེ་ཅིག་འགྱོཝ་ད་ རིའི་རྐེད་པར་ཆགས་ཏེ་ཡོད་མི་ ཚེ་ཕུག་གནས་ནང་ལྷོདཔ་ཨིན་པས།

དགོན་ཤར་རི་ཟམ་པ་ལས་རྐང་སྟོང་སྦེ་འགྱོཝ་ད་ དུས་ཡུན་ཆུ་ཚོད་༣དེ་ཅིག་འགོར་དོ་ཡོདཔ་ཨིན་རུང་ ད་རིས་ནངས་པ་ གནས་སྐོརཔ་མང་ཤོས་ར་སྣུམ་འཁོར་བདའ་སྟེ་འགྱོ་ནི་འདི་གིས་ རྐང་སྟོང་སྦེ་ཡར་མར་འགྱོ་མི་ ཧེ་མ་བཟུམ་ཅིག་མེདཔ་ཨིན་པས།

ཚེ་བུམ།
དགོན་ཚེ་ཕུག་ལུ་དུས་རབས་༨པའི་ནང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ཞབས་ཀྱིས་བཅགས་ཏེ་ ས་གནས་ཀྱི་བདུད་དང་དམ་སྲིན་གདུག་པ་ཅན་ཚུ་ དམ་ལུ་བཏགས་གནང་པའི་ཤུལ་ལུ་ ཟླཝ་གཅིག་གི་རིང་ རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལུ་ ཚེའི་སྒྲུབ་པ་གནང་བཞུགས་པའི་སྐབས་ མགོན་པོ་ཚེ་དཔག་མེད་ལས་ ཚེ་ལ་དབང་བའི་རིག་འཛིན་གྱི་བཀའ་དབང་ཞུས་ཏེ་ ཚེའི་དངོས་གྲུབ་ཐོབ་པའི་བརྡ་མཚོན་ལུ་ ཚེ་བུམ་དེ་ བྱག་ཕུག་རིང་ཚད་ཁྱིམ་ཐོག་ཚད་༤དེ་ཅིག་གི་ནང་ན གཏེར་ལུ་སྦ་གནང་ཞིནམ་ལས་ གནས་ཀྱི་མིང་ཚེ་ཕུག་ཟེར་བཏགས་གནང་ནུག
བལ་ཡུལ་རྒྱལ་ཁབ་ནང་ཡོད་པའི་ གུ་རུ་རིན་པོ་ཆེའི་སྦས་གནས་ བྲག་ཕུག་མ་ར་ཏི་ཀ་དང་ འབྲུག་རྒྱལ་ཁབ་ནང་ཡོད་མི་དགོན་ཚེ་ཕུག་གཉིས་་ བྱིན་རླབས་ལུ་ཁྱད་པར་མེད་མི་དེ་ཡང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ བྲག་ཕུག་མ་ར་ཏི་ཀ་ལུ་ཡང་ ཚེའི་སྒྲུབ་པ་གནང་སྟེ་ མགོན་པོ་ཚེ་དཔག་མེད་ཀྱི་ཞལ་གཟིགས་པའི་གནས་ཨིནམ་ལས་བརྟེན་ཏེ་ཨིན་པས།

%e0%bd%91%e0%bd%91ཚེ་ཆུ།
ཚེ་བུམ་གྱི་གནས་རྡོ་ལས་ ཚེ་ཆུ་ཟེར་ གུ་རུ་རིན་པོ་ཆེ་ཐུགས་དམ་ལུ་བཞུགས་པའི་སྐབས་ལུ་ མགོན་པོ་ཚེ་དཔག་མེད་ཀྱི་ཞལ་གཟིགས་ཏེ་ ཚེའི་གྲུབ་པ་ཐོབ་པའི་རྟགས་ སྒྲུག་ཕུག་གི་འོག་ལས་ཚེ་ཆུ་བཏོན་གནང་མི་སྒྲུབ་ཆུ་དེ་ ད་རེས་ནངས་པ་བྱག་ཕུག་ནང་ལས་ཆུ་དུང་ནང་སྦེ་འཐེན་ཏེ་ཕྱི་ཁར་བྱིན་རླབས་ཞུ་དོ་ཡོདཔ་ཨིན་པས།

ཨོ་ཨཱ་ཧུཾ་རང་བྱོན།
ཨོ་རྒྱན་རིན་པོ་ཆེ་འཕུར་བྱོན་སའི་རྡོ་གུ་ སངས་རྒྱས་ཀྱི་སྐུའི་ས་བོན་ཨོྂམ་དང་ གསུང་གི་ས་བོན་ཨཱ་ དེ་ལས་ ཐུགས་ཀྱི་ས་བོན་ཧཱུཾ་གསུམ་ ག་ནེ་བ་ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ནི་ཡོདཔ་ད། ཡིག་གཟུགས་ཨོྂ་ཨཱ་ཧུཾ་ཡོད་མི་འདི་ རྡོ་གནགཔ་གུ་ ཚོས་གཞི་དཀརཔ་སྦེ་མཇལ་ཚུགས་པས། གུ་རུའི་སྒྲུབ་ཕུག་གི་གཡས་ཁ་ཐུག་ལུ་  མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག་ཡང་མཇལ་ནི་འདུག

སྒྲོལ་མ་ཉི་ཤུ་རྩ་གཅིག་གི་གནས་རྡོ།
བྱག་ཕུག་གུ་ རྡོ་སྦོམ་ཅིག་ཡོད་མིའི་ནང་ན་ སྒྲོལ་མ་༢༡གི་ གནས་རྡོ་མཇལ་ནི་ཡོདཔ་ད།དེ་ཡང་རིང་ཚད་ཕིཊི་༡ལྷགཔ་ཅིག་འབད་མི་གནས་རྡོ་ལས་ མ་འོངས་པའི་ནང་ སྒྲོལ་མ་ཉི་ཤུ་རྩ་གཅིག་འབྱོན་འོང་ཟེར་ཨིན་པས།

འབྲུག་པ་དཀར་བརྒྱུད་ཀྱི་བླ་ཆེན་ཚུ་དང་འབྲེལ་གནད་ཡོདཔ།
ད་རུང་སྤྱི་ལོ་༡༢༢༥ལུ་ སྒྲུབ་ཕུག་དེ་ནང་ དཔལ་ལྡན་འབྲུག་པའི་བླ་ཆེན་དམ་པ་ ཕ་ཇོ་འབྲུག་སྒོམ་ཞིག་པོ་མཆོག་གིས་ ཟླཝ་གཅིག་གི་རིང་ལུ་ ཐུགས་དམ་གནང་སྟེ་བཞུགས་པའི་སྐབས་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་གཟིགས་ཏེ་ མཁའ་འགྲོ་སྙིང་ཐིག་གི་གདམས་ངག་གསན་གནང་བའི་སྐོར་ གནས་ཡིག་ནང་བཀོད་དེ་འདུག།

དུས་རབས་༡༤པའི་ནང་ གཏེར་ཆེན་རྡོ་རྗེ་གླིང་པ་གིས་ ཕུརཔ་དང་ མཆོད་ཆས་མང་རབས་ཅིག་གཏེར་ལས་བཞེས་ཡོད་པའི་ལོ་རྒྱུས་ཡོདཔ་མ་ཚད། ད་རུང་རབ་འབྱུང་༩པའི་ནང་ རྒྱལ་བ་རྒོད་ཚང་པའི་བུ་སློབ་ རྒྱལ་མཚན་དཔལ་བཟང་བྱོན་ཏེ་ བྱག་ཕུག་གི་གཡོན་ཁ་ཐུག་ལུ་ གདན་ས་བཅགས་ཏེ་ ལྷ་ཁང་ཆུང་སུ་ཅིག་བཞེངས་གནང་ཡོདཔ་ད། རྒྱལ་བ་རྒོད་ཚང་པ་དེ་ འགྲོ་བའི་མགོན་པོ་ཆོས་རྗེ་གཙང་པ་རྒྱ་རས་ཀྱི་བུ་སློབ་ཨིན་པས། ཨིན་རུང་བར་སྐབས་ཅིག་ལས་ བླམ་ཤངས་ཀྱི་བརྒྱུད་འཛིན་ཚུ་གིས་བདག་འཛིན་འཐབ་སྟེ་ འབའ་རའི་ཆོས་ལུགས་དར་ཞིང་རྒྱས་ཏེ་འབད་རུང་ སྤྱི་ལོ་༡༦༣༤ལུ་ དཔལ་ལྡན་འབྲུག་པའི་བསྟན་པའི་བདག་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་རྩིས་བཞེས་ཏེ་ སྒྲུབ་ཕུག་ནང་ལུ་ཐུགས་དམ་གནང་པའི་སྐབས་ གུ་རུ་རིན་པོ་ཆེ་གི་ཞལ་གཟིགས་ཏེ་ སྤུངས་ཐང་བདེ་བ་ཆེན་པའི་ཕོ་བྲང་བཞེངས་ནིའི་ལུང་བསྟན་གནང་ནུག
སྤྱི་ལོ་༡༩༥༨ ལུ་ རྒྱལ་ཡུམ་ཞིང་གཤེགས་ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་གྱིས་ གནས་དེ་ཁར་ ཟླཝ་གཅིག་གི་རིང་ ཚེ་སྒྲུབ་གནང་བའི་ཤུལ་ལུ་ དགོན་པ་དེ་རྒྱ་སྐྱེད་གནང་ཡོདཔ་ད། སྤྱི་ལོ་༡༩༦༠ལུ་ ཞིང་གཤེགས་དམ་པ་ སྐྱབས་རྗེ་དགེ་འདུན་རིན་ཆེན་མཆོག་ཡང་ ཐུགས་དམ་གནང་སྟེ་བཞུགས་པའི་སྐབས་     ཞབས་དྲུང་དག་སྣང་མའི་ཕྱག་དཔེ་ཕྱོགས་སྒྲིག་མཛད་པའི་ལོ་རྒྱུས་འདུག།

ཞབས་རྗེས།
ཚེ་ཕུག་དགོན་པའི་འོག་ལུ་ རྡོ་སྦོམ་ཅིག་གུ་ ཨྱོན་གུ་རུ་རིན་པོ་ཆེའི་ ཞབས་རྗེས་དྲུག་ལྷགཔ་ཅིག་མ་འོངས་པའི་ཕྱག་མཆོད་ཀྱི་རྟེན་སྦེ་བཞག་གནང་མི་དེ་ཡང་ ཨྱོན་གུ་རུ་རིན་པོ་ཆེ་གིས་ དགོན་ཚེ་ཕུག་ལས་ དགོན་ཚེ་ཆུ་བྲག་ཟེར་ མགར་སར་འགྱོ་སའི་ལམ་ཁར་ཡོད་པའི་ གནས་དེ་ནང་འཕུར་བྱོན་པའི་སྐབས་ མ་འོངས་པའི་ཕྱག་མཆོད་ཀྱི་རྟེན་སྦེ་ རྡོ་གུ་ཞབས་རྗེས་གསལ་ཏོག་ཏོ་སྦེ་བཞག་གནང་ནུག།

20160422_122156ནང་རྟེན།
ཚེ་ཕུག་དགོན་པའི་ནང་རྟེན་རྩ་ཅན་དེ་ གུ་རུ་གསུང་བྱོན་མིའི་སྐུ་འདྲ་ཨིནམ་བཞིན་དུ་ སྐུ་འདྲ་དེ་ སྤྱི་ལོ་༡༦༨༩ལུ་ སྡེ་སྲིད་༤པ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་ ཐིམ་ཕུག་རྟ་མགོར་ཡོད་པའི་ ཇོ་བོའི་སྐུ་འདྲ་བཞེངས་ནིའི་དོན་ལུ་ བལ་ཡུལ་ལས་ འཇིམ་བཟོ་མཁས་མཆོག་པཉྩ་དྷེ་ཝ་འབྲུག་ལུ་ཞུས་ཏེ་ སྤུངས་ཐང་ཁ་རྫོང་ནང་སྦེ་ ཇོ་བོ་དང་ ད་རེས་དགོན་ཚེ་ཕུག་ལུ་བཞུགས་ཏེ་ཡོད་པའི་ གུ་རུའི་སྐུ་འདྲ་བཞེངས་ཏེ་ གུ་རུ་དེ་ བུམ་ཐང་སྐུ་རྗེས་ལྷ་ཁང་ནང་ལུ་ཞུ་ནི་སྦེ་ ཞལ་བུམ་ཐང་ཁ་ཐུག་ལུ་བསྒོར་བཞག་མི་དེ་ དགོན་ཚེ་ཕུག་ཁ་ཐུག་བསྒོར་་ཏེ་འབད་རུང་ མི་ཚུ་གིས་ སྐུ་འདྲའི་ཞལ་ལོག་སྤུངས་ཐང་ཁར་བསྒོར་བའི་སྐབས་ སྐུ་འདྲ་གིས་ ངེའི་ལུང་བསྟན་དེ་ དགོན་ཚེ་ཕུག་ལུ་ཨིན་གསུང་བྱོན་པའི་ཤུལ་ལས་ གུ་རུ་གསུང་བྱོན་མ་ཟེར་ཞུ་ཡོདཔ་ཨིན་པས། དེའི་ནང་གཟུངས་ཡང་ བླ་ཆེན་དམ་པ་ཚུ་གི་ཕྱག་ལས་བརྒྱུད་པའི་སྐུ་གསུང་ཐུགས་ཀྱི་རིང་བསྲེལ་ཚུ་ཕུལ་ཡོདཔ་ཨིན་པས།
རིང་ཚད་ ཕིཊི་༤དེ་ཅིག་འབད་མི་སྐུ་འདྲ་དེ་ རྒྱུ་གསེར་ཟངས་ཀྱིས་བཞེངས་མི་གུ་ལུ་གསེར་སྒྲོན་ཡོདཔ་ད་ སྤྱིར་བཏང་གུ་རུའི་སྐུ་འདྲ་བཟུམ་སྦེ་མིན་པར་ དབུ་ལུ་རིགས་ལྔ་བཞེས་ཏེ་ཡོདཔ་ཨིན་པས།
ཨོ་རྒྱན་རིན་པོ་ཆེའི་གཡས་ལུ་ མགོན་པོ་ཚེ་དཔག་མེད་དང་ ཞབས་དྲུང་རིན་པོ་ཆེའི་སྐུ་འདྲ་མཇལ་ནི་ཡོདཔ་མ་ཚད་ གཡོན་ལུ་ཚེ་ལྷ་རྣམ་གསུམ་བཞུགས་ཏེ་ཡོད་མི་དེ་ སྤྱི་ལོ་༢༠༠༤ལུ་ རྒྱལ་ཡུམ་ཚེ་རིང་པངྨོ་དབང་ཕྱུག་མཆོག་གིས་ཕུལ་གནང་ཡོདཔ་ཨིན་པས་ཟེར་ཞུ་ནི་ཨིན།

དབྱེ་བ་དཔྱད་དེ་འབྲི་མི་ རྟ་ལོགཔ་སངས་རྒྱས་བསྟན་འཛིན།

%d bloggers like this: