ཅང་སྒང་ཁ་ལྷ་ཁང་གི་ཆགས་རབས།


ཅང་སྒང་ཁ་ལྷ་ཁང་།

༉ རྒྱལ་ས་ཐིམ་ཕུ་ཁྲོམས་ཀྱི་ལྟག་ལུ་ སྤོ་ཏོག་འབྲང་རྒྱས་དང་ཆ་འདྲ་བའི་གུར་ ག་ཅི་འདེ་གཟི་བརྗིད་ཆེ་ཏོག་ཏོ་སྦེ་མཇལ་ནི་ཡོད་མི་ ཅང་སྒང་ཁ་ལྷ་ཁང་འདི་ རྒྱལ་ཁབ་ནང་རྩ་ཆེ་ཤོས་ཅིག་ཨིན་མི་དེ་ཡང་ དཔལ་ལྡན་འབྲུག་པའི་གདུང་བརྒྱུད་ ཕ་ཇོ་འབྲུག་སྒོམ་ཞིགཔོ་དང་འབྲེལ་བ་སྦོམ་ཡོདཔ་མ་ཚད། སྔོན་བྱོན་བླ་ཆེན་ཚུའི་གྲས་ལས་ བླམ་འབྲུག་པ་ཀུན་ལེགས། ངག་དབང་ཆོས་རྒྱལ། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ ཞབས་ཀྱིས་བཅགས་བྱིན་གྱིས་བརླབས་གནང་མི་ ལྷ་ཁང་བྱིན་རླབས་ཅན་ཅིག་ཨིན་མས།

དེ་ཡང་དུས་རབས་༡༣པའི་ནང་ ཕ་ཇོ་འབྲུག་སྒོམ་ཞིག་པོའི་སྲས་ཉི་མ་མཆོག་ ད་ལྟོ་ལྷ་ཁང་ཡོད་སའི་སྤོ་ཏོ་གུར་ ཁམས་སངས་ལུ་བྱོནམ་ད་ ཨོ་རྒྱན༌རིན༌པོ༌ཆེའི༌ཆིབས༌ རྟ༌ཅང༌ཤེས༌དངོས༌སུ༌མཇལ༌ནི༌འདི༌གིས༌ རྟེན་འབྲེལ་གྱི་ཆེ་བ་ལུ་དང་ ཐིམ་ཕུག་གི་ལུང་གཤོང་ནང་ དཔལ་ལྡན་འབྲུག་པའི་བསྟན་པ་དར་ཞིང་རྒྱས་ནིའི་དོན་ལུ་ ལྷ་ཁང་ཅིག་བཞེངས་གནང་སྟེ་ ཅང༌སྒང༌ཁ༌ཟེར་མཚན་གསོལ་གནང་ནུག

ཅང་སྒང་ཁ་ལྷ་ཁང་གི་རྟེན་གྱི་གཙོ་བོ་ རྒྱུ་ཆུ་ཟངས་ལས་གྲུབ་པའི་འཕགས་པ་བཅུ་གཅིག་ཞལ། ཕ་ཇོ་འབྲུག་སྒོམ་ཞིག་པོའི་སྐུ་འདྲ། སྟོན་པ་ཤཱཀྱ་ཐུབ། རིགས་བཟང་གི་མཁའ་འགྲོ་མ་བསོད་ནམས་དཔལ་སྒྲོན། སྲས་ཉི་མ། འཇམ་དཔལ་དབྱངས། གུ་རུ། ཕྱག་ན་རྡོ་རྗེའི་སྐུ་འདྲ་བྱིན་ཅན་ཚུ་ག་ར་ སྲས་ཉི་མའི་སྐབས་ལས་ར་བཞེངས་ཡོདཔ་ད། ནང་རྟེན་རྩ་ཆེ་ཤོས་ཚུའི་གྲས་ཁ་ ཕ་ཇོ་རིན་པོ་ཆེའི་ཡི་དམ་དཔལ་རྟ་མགྲིན་དང་ ལྷ་ཁང་གི་གནས་བདག་དགེ་བསྙེན་དོམ་ཚང་པ། དེ་ལས་སྲས་ཉི་མ་གིས་བྲིས་གནང་མི་  འབུམ་པོ་ཏི་༡༦བཞུགས་ཏེ་ཡོདཔ་ཨིན་མས།

ལྷ་ཁང་གི་གདོང་ཕྱོགས་ མགོན་ཁང་དེ་ནང་ དཔལ་ཡེ་ཤེས་མགོན་པོ་དང་ དཔལ་ལྡན་ལྷ་མོའི་བཞུགས་ཁང་གི་ཕྱི་ཁར་ སྒོ་སྲུང་གི་ཚུལ་ལུ་ མི་ཚད་ཅན་གྱི་ཕྱོགས་བཞི་སྐྱོང་བའི་ རྒྱལ་ཆེན་བཞིའི་སྐུ་འདྲ་ཚུ་གཟི་བརྗིད་ཆེ་ཏོག་ཏོ་སྦེ་མཇལ་ནི་ཡོདཔ་ཨིན།།

ཅང་སྒང་ཁ་ལྷ་ཁང་ནང་ ལོ་ལྟར་དུས་མཆོད་འབུམ་སྡེ་ ཞག་ཁལ་སྐོར་ཆ་ཅིག་གནང་ནི་ཡོདཔ་མ་ཚད་ ལྷག་པར་དུ་ ལོ་ལྟར་སྒང་ཁའི་མཆོདཔ་བརྩི་སྲུང་གི་སྐབས་ལུ་ ལྷམོ་དང་མགོན་པོའི་སྐུ་འཆམ་མཇལ་ཁ་གནང་སྲོལ་ཡོད་མི་དེ་ དུས་སྟོན་སྦོམ་ཤོས་ཅིག་ཨིན་པས།

ཅང་སྒང་ཁ་ལྷ་ཁང་ནང་ བྱིན་རླབས་ཅན་གྱི་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལེ་ཤ་བཞུགས་ཏེ་ཡོདཔ་མ་ཚད་ ལྷ་ཁང་གི་སྲུང་མ་དགེ་བསྙེན་དོམ་ཚངཔ་འདི་ དཔལ་ལྡན་བླ་མའི་བཀའ་ཉན། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། བཀའ་གཉན་དྲགས་ཡོདཔ་མ་ཚད་ བྱིན་རླབས་ཅན་གྱི་རྒྱལ་བའི་ སྐུ་གསུང་ཐུགས་རྟེན་ལེ་ཤ་བཞུགས་ཏེ་ཡོད་ནི་འདི་གིས་ ལྷ་ཁང་མཇལ། ཕྱག་འཚལ། བསྐོར་རིས་རྐྱབ་མི་རྒྱགས་ཚད་ཡོདཔ་མ་ཚད སློབ་ཕྲུག་ཚུ་གིས་ ཆོས་རྒྱུགས་མཐར་འཁྱོལ་བྱུང་ནི་དང་ ཨ་ལོ་གསར་སྐྱེས་ཚུ་གི་མིང་ཞུ་བར་འོང་སྲོལ་ཡོད་པའི་ཁར་ ལྷག་པར་ ཐིམ་ཕུ་ལུང་གཤོང་ནང་སྐྱེས་མི་ཨ་ལོ་ཚུ་གིས་ ལོ་ལྟར་སྐྱེས་ལྷ་མཆོད་པར་མ་ཆད་པར་འོང་སྲོལ་ཡོདཔ་ལས་  ལྷ་ཁང་གི་བཀའ་སྲུང་དགེ་བསྙེན་དོམ་ཚངཔ་འདི་ རྒྱབ་དང་དཔུང་བཟའ་དྲགས་ཅིག་ཨིན་པས།

ལྟག་ལུ་གཟིགས།།

%d bloggers like this: