ས་ག་ཟླའི་དུས་ཆེན་བརྩི་སྲོལ་མ་འདྲཝ།


ལོ་བསྟར་བཞིན་དུ་ རང་ཟླ་༤པ་ ས་ག་ཟླ་བའི་ཚེས་༡༥ལུ་ བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པ་དང་། དེའི་ནུབ་མོ་བདུད་བཏུལ་བའི་མཛད་པ་བསྟན་མི་དེ་ མཁས་པ་ཚུ་བཞེད་པ་མཐུན་རུང་། ཚེས་༡༥ལུ་ལྷུམས་སུ་ཞུགས་པར་བཤད་པའི་ཁུངས་འདི་ རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་གསང་སྙིང་འགྲེལ་པ་ཕྱོགས་བཅུ་མུན་སེལ་ལས། བྲམ་ཟེའི་རིགས་བྱེད་ལས། གླང་ཆེན་དམ་པ་ལུས་ཆེན་མཆོག་གྱུརར་པ། །མཆེ་བ་དྲུག་ལྡན་གསེར་གྱི་དྲྭ་བ་ལས། །མགོ་བོ་རབ་ཏུ་དམར་ཞིང་ཤིན་ཏུ་མཛེས། །འགྲམ་བཟང་ཟག་ཅིག་གཟུགས་བཟང་ལྡན་པའོ། །ཟེར་མི་དང་བསྟུན་ཏེ་ དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ཉ་བའི་ཚེས་༡༥ལུ་ ཡུམ་གསོ་སྦྱོང་ལུ་བཞུགས་པའི་སྐབས་ སྟོན་པ་ལྷུམས་སུ་ཞུགས་པའི་མནལ་ལམ་གཟིགས་མི་དེ་ཡབ་ལུ་ཞུ་ནུག གླང་པོ་ཁ་བ་དངུལ་མདོག་མཆེ་བ་དྲུག །རྐང་ལག་རབ་མཛེས་མགོ་བོ་དམར་སྡུག་ཅིང་། །འགྲོས་བཟང་ལུས་རྫོགས་རྡོ་རྗེ་བཞིན་བརྟན་པ །།གླང་པོའི་མཆོག་གཅིག་ཁོང་དུ་སོང་སྙམ་བྱེད། །ཟེར་ཞུ་ནུག དེ་ལས་ལྷུམས་གཞལ་ཡས་ཁང་ལུ་སྤྲུལ་ཏེ་འགྲོ་བའི་དོན་མཛད་ནུག་ཟེར་བཀོད་ནུག།

ད་རུང་གོང་ས་ལྔ་པ་ཆེན་པོའི་ཐུབ་བསྟོད་ལས་ཡང་། ས་ག་ཟླའི་ཡར་ཚེས་བཅོ་ལྔའི་མཚན། །སྒྱུ་འཕྲུལ་ལྷ་མོ་གསོ་སྦྱོང་ལ་གནས་དུས། །གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི། །རྣམ་པས་ལྷུམས་སུ་ཞུགས་ལ་ཕྱག་འཚལ་ལོ། །ཟེར་ཡང་གསུངས་ནུག

དེ་མ་ཚད་རྫོང་དཀར་པ་ཀུན་དགའ་གིས་མཛད་པའི་ འདུལ་བ་ལུང་རིགས་གཏེར་མཛོད་ལས་ཡང་། གཉིས་པ་ལྷུམས་སུ་ཞུགས་པའི་མཛད་པ་འདི། ས་ག་ཟླ་བའི་ཚེས་༡༥གི་ཚེ་ ཡུམ་གསོ་སྦྱོང་ལུ་བཞུགས་པའི་སྐབས་ གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན། གསེར་གྱི་དྲྭ་བ་གཡོག་པའི་རྣམ་པ་སྦེ་ལྷུམས་སུ་ཞུགས་ནུག མདོ་རྒྱ་ཆེ་རོལ་པ་ལས། གསེར་གྱི་དྲྭ་བས་གདོང་གཡོགས་སྤྱི་གཙུག་དམར། །ཐལ་དཀར་མཆེ་བ་དྲུག་དང་རབ་ལྡན་ཞིང་། །དུང་དང་ཁ་བ་དངུལ་མདོག་ལྟ་བུ་ཡི། །གླང་པོའི་ཕྱོགས་གཅིག་ཁོང་དུ་སོང་སྙམ་བྱེད། །དེ་ཞུགས་ནས་ནི་བདག་གི་ལུས་དང་སེམས། །སྔོན་ཆད་མཐོང་ཐོས་མྱོང་བར་མ་གྱུར་པའི། །གྱ་ནོམས་བདེ་བས་ཤིན་ཏུ་བདེ་གྱུར་ཏེ། །ཟེར་བཀོད་ནུག

ད་རུང་ས་ག་ཟླ་བའི་ཚེས་༧ལུ་ སྐུ་བལྟམས་མི་དེ་ཡོངས་གྲགས་ཡོདཔ་ལས་དོགས་སེལ་ཞུ་དགོ་རུང་། དེའི་ཁུངས་ཕུག་པ་ལྷུན་གྲུབ་རྒྱ་མཚོ། མཁས་དབང་ནོར་བཟང་རྒྱ་མཚོ། ཆོས་གྲགས་རྒྱ་མཚོ་ རྒྱ་མཚོ་རྣམ་གསུམ་དང་ བརྒྱུད་འཛིན་བུ་སློབ་ཚུ་གི་དུས་འཁོར་ལོའི་ལུགས་ཀྱི་བསྟན་རྩིས་ནང་ ཁགསལ་བཀོད་གནང་ཡོདཔ་མ་ཚད། གཞན་ཡང་ཀུན་མཁྱེན་མཚོ་སྣ་བ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ཚུའི་བཞེད་པ་མཐུནམ་ཨིན་པས།

རྩིས་གཞུང་ཉིན་སྣང་འགྲེལ་པ་གསེར་གྱི་ཤིང་རྟ་ལས། དགེ་བའི་བཤེས་གཉེན་མོ་སྣ་བའི་ཞལ་ལས། འདུལ་བ་མདོ་རྩའི་འགྲེལ་ཆུང་ལས། ས་ག་ཟླ་བའི་ཚེས་༧ལུ་ སངས་རྒྱས་ཡུམ་གྱི་ལྷུམས་ནས་བལྟམས་ཟེར་བཀོད་དེ་ཡོད་དོ་བཟུམ་སྦེ་ དཔྱིད་ཟླ་ཐ་ཆུང་ཡར་ངོའི་ཚེས་༧སྐར་མ་རྒྱལ་ལ་བབས་པའི་ཚེ་སྐུ་བལྟམས་པའི་དུས་སྟོན་བྱའོ། ཟེར་ཚེས་༧ལུ་གསལ་ཏོག་ཏོ་སྦེ་གསུངས་མི་དེ་ལེགས་ཆ་ཆེཝ་ལས་ ག་ར་གིས་ཡིད་ཆེས་བསྐྱེད་དགོཔ་ཨིན་པས། ཀུན་མཁྱེན་ཀློང་ཆེན་གྱི་ལུགས་དང་ ཕུག་ལུགས་གཉིས་བཞེད་པ་མ་མཐུནམ་ལས་ གཅིག་མ་གཏོགས་གཉིས་ཆ་ར་འདི་ནང་བཀོད་ནི་མི་བཏུབ་པས་ཟེར་བའི་ཐུགས་བཞེད་གནང་པ་ཅིན་ ལུགས་གཉིས་ཆ་ར་མཁས་དབང་མང་རབས་ཀྱི་ལུང་རིགས་ཀྱིས་གྲུབ་པ་ཨིནམ་མ་ཚད་ བཞེད་པ་གཉིས་ཆ་ར་ས་ག་ཟླཝ་འདི་ནང་ཨིནམ་ལས་འགལ་བ་མེདཔ་ཨིན་པས། གདུལ་བྱ་ལ་ལུ་ཅིག་གི་དོན་ལུ་ སྟོན་པ་བཅོམ་ལྡན་འདས་ཀྱིས་ ས་ག་ཟླའི་ཚེས་༧ལུ་སྐུ་བལྟམས་པའི་མཛད་པ་དང་། གདུལ་བྱ་ལ་ལུ་གི་ངོ་ལུ་ས་ག་ཟླ་བའི་ཚེས་༡༥ལུ་ ལྷུམས་སུ་ཞུགས་པའི་མཛད་པ་གཉིས་འགལ་བ་མེད་མི་དེ་ཡང་ སངས་རྒྱས་སྐུ་གསུང་ཐུགས་ཀྱི་གསང་བ་དང་མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་ལས་ མཐའ་གཅིག་ལུ་ངོས་འཛིན་ཚུགས་པ་ལ་ཁག་ཡོདཔ་ལས་ བདེན་རྫུན་གྱི་རྣམ་གཞག་མེད་པར་ གཉིས་ཆ་ར་བདེན་པ་སྦེ་བརྩི་དགོ་ནི་ཨིན་པས། ག་ཅི་སྨོ་ཟེར་བ་ཅིན་སྟོན་པ་གིས་གདུལ་བྱ་་ལ་ལུ་གི་ངོ་ལུ་སྐུ་བལྟམས། ལ་ལུའི་ངོ་ལུ་མྱ་ངན་ལས་འདས། ལ་ལུའི་ངོར་ཆོས་འཁོར་བསྐོར་བ་ཚུ་མཛད་པ་༡༢དུས་གཅིག་ལུ་བསྟནམ་སྦེ་གསུངས་ཡོདཔ་ལས་ དེ་ལུ་ཁས་མ་ལེན་པ་ཅིན་མི་བཏུབ་ནི་ཨིནཔས་ཟེར་ཞུ་ནི་ཨིན།

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s