རྒྱལ་རབས་དང་ལྡན་པའི་ལུང་བསྟན་ཟམ་པ།


ཇོ་འབྲུག་སྒོམ་ཞིགཔོ་མཆོག་ དཔལ་ལྡན་འབྲུག་པ་ཆོས་རྗེ་གཙང་པ་རྒྱ་རས་ཀྱི་ལུང་བསྟན་དང་འཁྲིལ་ཏེ་ སྨན་ལྗོངས་རྒྱལ་ཁབ་ནང་ཞབས་ཀྱིས་བཅགས་ཏེ་ ཐིམ་ཕུག་ཆ་འདུས་ཝང་སེངྒེ་ཕུག་ལུ་བྱོནམ་ད་ ཇོ་མོ་དཀར་མོ་གིས་ཞི་བའི་སྒོ་ལས་གཟུགས་དངོས་སུ་བསྟན་ཏེ་ བསུ་བ་ཞུ་ནུག

སྒྲུབ་ཕུག་དེ་ནང་ལུ་བཞུགས་ཏེ་ཟླཝ་ཕྱེད་དང་གཉིས་འགྱོཝ་ད། ཝང་ཆུ་མདོ་ལས་བུམོ་ལེ་ཤ་སོག་འཕྱག་པར་འོང་པའི་ཞོར་ཁར་ སྒྲུབ་ཕུག་ནང་ཕ་ཇོ་གི་ཞལ་མཇལཝ་ཅིག་ དད་མོས་སྐྱེས་ཏེ་ཕྱེ་ལེ་ཤ་ཕུལ་ནུག དེ་གི་གྲལ་ལས་ན་ཅུངམོ་ཅིག་གིས་ ཕ་ཇོ་རིན་པོ་ཆེ་ལུ་ ཁྱོད་འཁྲུངས་གཡུས་ག་ཏེ་ལས་སྨོ་ཟེར་ཞུ་ནུག ཕ་ཇོ་རིན་པོ་ཆེ་གིས་ ང་བོད་ཁམས་ལས་ཨིན་ཟེར་གསུངསམ་ད། ང་བཅས་གཡུས་ཀྱི་ལྟག་ལུ་ངེའི་བུམོ་ཅིག་ཡོད་མི་འདི་གིས་ ཕ་མ་གིས་མནའ་མར་བཏང་རུང་འགྱོ་མ་བཏུབ་པར་ ལོ་གསུམ་ལས་ངེའི་བླམ་ཅིག་འབྱོན་ནི་ཡོད་ཟེར་ ག་གིས་ཡང་ཧ་མ་གོ་བའི་གླུ་འཐེན་སྡོད་མི་ཅིག་ཡོད་ཟེར་ཞུ་ནུག

ཕ་ཇོ་རིན་པོ་ཆེ་གིས་བུམོ་དེ་ལུ་བདུད་རྩིའི་རིལབུ་ལྔ་གནང་སྦེ་རྟེན་འབྲེལ་སྒྲིགས།    ཤུལ་ལས་ཁྱོད་ལུ་ ཕ་དམ་པ་སངས་རྒྱས་ཀྱིས་གནས་ས་བརྙའ་བར་འོང་ནི་ཨིན་པས་ དམ་ཚིག་གཙང་དགོསཔ་གལ་ཆེ་གཏམ་དེ་ག་ལུ་ཡང་མ་སླབ་ཟེར་གསུངས་ནུག མོ་གིས་ཞབས་ཏོག་ཡང་ལེ་ཤ་རང་ཞུ་ནུག་ དེ་ལས་ཟླཝ་༨པའི་ཚེས་༡༥་ དྲོ་པ་བྱ་སྟོད་ཁམས་ བླ་མའི་རྣལ་འབྱོར་ཐུན་ཐེངས་གཅིག་བསྒོམས་ཞིནམ་ལས་བྱོན་པའི་ལམ་ཁར་ གཡུས་སྲིནམོ་གན་རྐྱལ་ཉལ་བ་འདྲ་བའི་ལྟག་ལུ་ཕེབས་ད་ གླུ་ཅིག་འཐེན་དགོ་མནོ་སྟེ་ ཆུ་ཕ་ཀི་ལོགས་ལུ་ བུམོ་ལྔ་ཐགས་འཐག་སྟེ་སྡོད་མི་ཚུ་ལུ་གླུ་དེ་སྦེ་གསུངས་ནུག་ ཆུ་ཕ་ཁར་ཡོད་པའི་བུ་མོ་རྣམས། །ཡེངས་ཡེངས་ལོང་གཏམ་མ་བྱེད་གླུ་འདི་ཉོན། །ཡུལ་ཁམས་ལས་ཡོངས་པའི་སྤྲང་པོ་ང་། །ཕ་བླ་མས་ལུང་བསྟན་གནས་སུ་སླེབ། །ལས་སྨོན་ལམ་མཐུན་པའི་མ་ཅིག་དེ། །ས་གང་དུ་བཞུགས་ཡོད་མི་ཤེས་སམ། །ད་ལས་འཕྲོ་སད་པའི་དུས་ལ་བབ། །ཟེར་གསུངམ་ཅིག་ཚརཝ་ཅིག་ བུམོ་ཚུའི་གྲས༌ལས་སྦུག་ལུ༌སྡོད༌མི༌འདི༌གིས༌ཐགས་གི་སྤུན་གཡས་ལུ་བཀོ་ ཏགམ་གཡོན་ལུ་བཀོ་སྦེ་ཡར་ལོངམ་ཅིག་ ནམ་མཁའ་ལས་སེང་ལྡེང་གི་ཌཱ་རུ་ཅིག་བབས་འོངས་མི་དེ་ཕྱག་ལུ་བསྣམས་སྦེ། གླུ་ལན་དེ་སྦེ་ཞུ་ནུགཁྱོད་ཡར་བྱོན་གྱི་སྤྲང་པོ་བརྟུལ་ཞུགས་ཅན། །སྙན་དར་ཅིག་བུ་མོའི་གླུ་ལ་གསོན། །ཁྱོད་ཡང་ན་ལུང་བསྟན་བླ་མའི་བུ། །ཡང་ན་བདུད་པོ་ཆོ་འཕྲུལ་ཅན། །ཕལ་ཆེར་ཐུགས་རྗེའི་རྣམ་སྤྲུལ་འདྲ། །སྔོན་རྒྱལ་བ་རྣམས་ཀྱི་ལུང་བསྟན་པའི། །གནས་རྡོ་རྗེ་གདན་དུ་འཁྲིད་པར་ཞུ།།ཟེར་ ཝང༌ཆུའི༌མཐའམ༌བདའ༌སྟེ༌ ཕར༌ཚུར༌གླུ༌ལེན༌བརྗེས༌ཡི༌ར༌ཅང༌ཟམ༌ལུ༌ལྷོད་དེ་གཅིག་
ཁར༌ཞལ༌མཇལཝ༌ལས༌བརྟེན༌ཟམ༌གྱི༌མིང༌ཡང༌ལུང༌བསྟན༌ཟམ༌པར༌དར༌ཁྱབ༌སོང༌ནུག།

 

 

 

%d bloggers like this: