ཞབས་དྲུང་སྐུ་མཆོད་ཀྱི་ལོ་རྒྱུས།


༉ ལོ་བསྟར་བཞིན་དུ་ རང་ཟླ་༣ པའི་ཚེས་༡༠ ལུ་ ཞབས་དྲུང་སྐུ་མཆོད་ཟེར་ དཔལ་ལྡན་འབྲུག་པ་ཞབས་དྲུང་རིན་པོ་ཆེ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ངག་དབང་རྣམ་རྒྱལ་མཆོག་ དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་པའི་ དུས་ཆེན་ཁྱད་པར་ཅན་ཨིནམ་ལས་ འབྲུག་མི་ཚུ་གིས་ ཞབས་དྲུང་རིན་པོ་ཆེ་ལུ་ བཀྲིན་རྗེས་སུ་དྲན་ཏེ་ བརྩི་སྲུང་ཞུཝ་ཨིན་པས།
ཞབས་དྲུང་སྐུ་མཆོད་ཀྱི་ དུས་ཆེན་ཁྱད་པར་ཅན་ བརྩི་སྲུང་ཞུ་ནིའི་དོན་ལུ་ རྒྱལ་ཁབ་མཐའ་དབུས་མེད་པའི་ ལྷ་ཁང་དགོན་སྡེ་དང་ སྒོམ་སྡེ་ལ་སོགས་པ་ཚུ་ནང་ ཞབས་དྲུང་རིན་པོ་ཆེའི་གསོལ་འདེབས་ འཇིག་རྟེན་དབང་ཕྱུག་བསག་གནང་དོ་ཡོདཔ་བཞིན་དུ་ བསམ་གྲུབ་ལྗོངས་མཁར་ལུ་འབད་རུང་ རབ་སྡེའི་བླམ་གནས་བརྟན་གྱིས་ དབུ་བཞུགས་ཐོག་ དགེ་སློང་དང་ མི་སེར་ཚུ་གིས་ འཇིག་རྟེན་དབང་ཕྱུག་བསག་སྟེ་ བརྩི་སྲུང་ཞུ་ནི་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལཝ་ད་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ བདེ་བ་ཅན་གྱི་ཞིང་ཁམས་ལུ་ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ སྐུ་སྐྱེས་བཞེས་ཏེ་ སེམས་ཅན་ཚུ་གི་ འགྲོ་དོན་ཚད་མེད་མཛད་ཡོདཔ་བཞིན་དུ་ བྱང་ཕྱོགས་ཤམྦྷ་ལ་ལུ་ རིགས་ལྡན་པདྨ་དཀར་པོ་དང་ བོད་ལུ་ བོད་ཁམས་སྐྱོང་བའི་ ཆོས་རྒྱལ་སྲོང་བཙན་སྒམ་པོ་ ཟ་ཧོར་གཡུས་ལུ་ མཁན་ཆེན་བྷོ་དྷི་སཏྭ་ དེ་ལས་ ཁ་ཆེའི་གཡུས་ལུ་ པཎ་ཆེན་ནཱ་རོ་ཏ་པ་དང་ གཉལ་སྨད་སྙི་བའི་རིགས་ལས་ ཆོས་རྗེ་དྭགས་པོ་ལྷ་རྗེ་ཚུ་གི་ སྐུ་སྐྱེས་བཞེས་ཡོདཔ་ཨིན་པས།
དེ་ལས་ མྱང་སྟོད་རྒྱའི་རིགས་ལས་ ཆོས་རྗེ་གཙང་པ་རྒྱ་རས་ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ལུ་ བྱང་སེམས་སྣང་བ་རྡུལ་བྲལ་དང་ རིམ་པ་བཞིན་དུ་ ཤར་ཕྱོགས་ཀོང་བུའི་གཡུས་ལུ་ ཀུན་མཁྱེན་པདྨ་དཀར་པོ་ལ་སོགས་པའི་ སྐུ་སྐྱེས་བཞེས་ཏེ་ འགྲོ་དོན་མཛད་པའི་མཐའ་མར་ སྤྱི་ལོ་༡༥༩༤ རབ་བྱུང་༡༠ པའི་ཤིང་རྟ་ རང་ཟླ་༡༡ པའི་ཚེས་༡༡ ལུ་ བོད་ཡུལ་གནམ་འབྲུག་བྱང་ཆུབ་གླིང་གི་ མགར་གྲོང་ཟེར་ས་ལས་ དཔལ་ལྡན་འབྲུག་པའི་གདུང་རབས་དྲི་མ་མེད་པ་ལས་བྱོན་པའི་ ཡབ་བསྟན་པའི་ཉི་མ་དང་ ཡུམ་བསོད་ནམས་དཔལ་གྱི་བུ་ཁྲིད་༢ ལས་ རྟགས་མཚན་བཟང་པོ་དང་བཅས་ སྐུ་འཁྲུངས་ཡོདཔ་ཨིན་པས།
གཞུང་འབྲེལ་དུས་ཆེན་ངལ་གསོའི་ རྣམ་བཤད་དང་འཁྲིལཝ་ད་ དགུང་ལོ་ཆུང་ཀུ་ལས་ར་ ཡབ་བསྟན་པའི་ཉི་མ་དང་ མཁས་གྲུབ་ལྷ་དབང་བློ་གྲོས་ལ་སོགས་པའི་ ཡོངས་འཛིན་དམ་པ་མང་རབས་ཅིག་གི་ སྐུ་མདུན་ལས་ གཞུང་རིག་གནས་དང་ དབང་ལུང་མན་ངག་ལ་སོགས་པ་ གསན་བསམ་མཛད་དེ་ མཁས་གྲུབ་༢ ཆ་ར་ མཐར་ཕྱིན་པའི་ཤུལ་ལས་ གདན་ས་འབྲུག་ར་ལུང་ལུ་ མི་ཕམ་ཆོས་ཀྱི་རྒྱལ་པོའི་ སྐུ་ཚབ་སྦེ་ ཁྲི་མངའ་གསོལ་མཛད་ཡོདཔ་ཨིན་པས།
དེ་བསྒང་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ ལེགས་ཤོམ་འབད་མི་ལུ་ བརྩི་བཀུར་དང་ ཟོགཔ་འབད་མི་ལུ་ བཀག་འཛིན་གྱི་ ལམ་སྲོལ་ཚུ་ ག་ནི་ཡང་མེདཔ་ལས་ བདེ་སྐྱིད་ཀྱི་གོ་སྐབས་ ཁབ་ཀྱི་རྩེ་ཙམ་ཡང་མེད་པའི་ དུས་ཚོད་དེ་ནང་ སངས་རྒྱས་དང་ ཨྱོན་གུ་རུ་རིན་པོ་ཆེ་ དེ་ལས་ དཔལ་ཡེ་ཤོས་མགོན་པོ་གིས་ འབྲུག་གདུལ་ཞིང་ཕུལ་མི་དང་འཁྲིལ་ ཞབས་དྲུང་རིན་པོ་ཆེ་ དགུང་ལོ་༢༣ བཞེསཔ་ད་ སྤྱི་ལོ་༡༦༡༦ རབ་བྱུང་༡༠ པའི་ མེ་འབྲུག་ལོ་ལུ་ དགོན་འོབས་ཚོ་བླམ་གིས་ བསུ་བ་ཞུ་སྟེ་ ཆིབས་ཁ་ལྷོ་ལུ་ བསྒྱུར་གནང་ཡོདཔ་ཨིན་པས།
དེ་ལས་ དཔལ་ལྡན་འབྲུག་པའི་གདན་ས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ ཕྱག་བཏབ་མཛད་དེ་ བསྟན་པའི་དགྲ་ག་ར་ ཚར་གཅོད་དེ་ བསྟན་རྩ་དགེ་འདུན་གྱི་སྡེ་ གཞི་བཙུགས་ཐོག་ ལྷོ་ཁྲིམས་མེད་ལུ་ཁྲིམས་དང་ རྫ་ལུང་མེད་ལུ་ ལུང་བཏགས་ཏེ་ ཆོས་སྲིད་གཉིས་ལྡན་གྱི་ གཞུང་འགོ་བཙུགས་ཏེ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཟེར་ རྒྱ་བོད་ཧོར་གསུམ་ལ་སོགས་པའི་ འཛམ་གླིང་ནང་ ཡོངས་གྲགས་ཅན་གྱི་ རྒྱལ་ཁབ་ཅིག་ལུ་ བཟོ་གནང་ཡོདཔ་ཨིན་པས།
ཧེ་མ་ འབྲུག་རྒྱལ་ཁབ་འདི་ ལྷོ་མོན་དང་ མི་ཚུ་ལུ་ཡང་ མོན་ཟེར་སླབ་སྲོལ་ཡོད་རུང་ ཞབས་དྲུང་རིན་པོ་ཆེ་ རྒྱལ་ཁབ་ནང་ བྱོན་ཞིནམ་ལས་ཚུར་ རྒྱལ་ཁབ་གྱི་མིང་ འབྲུག་དང་ མི་ཚུ་ལུ་ཡང་ འབྲུག་པ་ཟེར་ བཏགས་གནང་ཐོག་ལས་ ལྷོ་རོང་མུན་པའི་གླིང་འདི་ གསང་ཆེན་འོག་མིན་གྱི་ ཞིང་ཁམས་དང་དབྱེ་བ་མེད་པར་ རྒྱལ་ཁབ་ཀྱི་ ཆོས་ཀྱི་གླིང་ལུ་ བཟོ་གནང་མི་ལ་སོགས་པའི་ བཀྲིན་ཚད་མེད་ཡོདཔ་ཨིན་པས།
ཞབས་དྲུང་རིན་པོ་ཆེ་མཆོག་གིས་ ངན་སེམས་ཕྲག་དོག་གི་ དབང་ལས་བྱུང་བའི་ ཕྱི་རོལ་དངོས་ཅན་མིའི་དགྲ་བོ་ སྡེ་སྲིད་གཙང་པ་ལ་སོགས་པའི་ དམག་དཔུང་ལས་ རྒྱལ་ཁ་ཐོབ་ཡོདཔ་མ་ཚད་ ནང་གི་དགྲ་སྡེ་ བླམ་ཁག་ལྔ་དང་ གསང་བའི་དགྲ་སྡེ་ དངོས་མེད་ལྷ་མ་སྲིན་སྡེ་བརྒྱད་ལས་ རྒྱལ་ཁ་ཐོབ་སྟེ་ གདན་ས་ལྕགས་རི་དང་ གསང་སྔགས་ཟབ་དོན་ཕོ་བྲང་ དེ་ལས་ རིམ་པ་བཞིན་དུ་ རྒྱལ་ས་སྤུངས་ཐང་བདེ་ཆེན་དང་ དབང་འདུས་ཕོ་བྲང་རྫོང་ལ་སོགས་པ་ཚུ་ བཞེངས་གནང་ཡོདཔ་ཨིན་པས།
དེ་ལས་ ཞབས་དྲུང་ཁོ་ར་དང་ དབྱེ་བ་ག་ནི་ཡང་མེད་པའི་ དབུ་མཛད་བསྟན་འཛིན་འབྲུག་རྒྱལ་ལུ་ ཆོས་སྲིད་ཀྱི་བསླབ་བྱ་ ཞལ་གདམས་བཀའ་ཆེམས་ཀྱི་ཚུལ་ལུ་ ཡོངས་སུ་རྫོགས་པར་གནང་སྟེ་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ཀྱི་ སྡེ་སྲིད་ཆེན་མོ་བསྐོས་གནང་ཞིནམ་ལས་ གནས་སྐབས་ཅིག་ གདུལ་བྱ་སློབ་མ་ཚུ་གི་ངོ་བོ་ལུ་ ཆོས་ཀྱི་རྒྱལ་པོ་ དགུང་ལོ་༥༨ བཞེསཔ་ད་ སྤྱི་ལོ་༡༦༥༡ རབ་བྱུང་༡༡ པའི་ལྕགས་ཡོས་ རང་ཟླ་༣ པའི་ཚེས་༡༠ ལུ་ ཐུགས་དམ་རིམ་གཉིས་ཀྱི་ རྣལ་འབྱོར་ལུ་ བཞུགས་གནང་ཡོདཔ་ཨིན་པས།
ཞབས་དྲུང་སྐུ་མཆོད་སྐབས་ གཞུང་འབྲེལ་དུ་ ངལ་གསོ་བཞག་གནང་མི་དེ་ཡང་ ཞབས་དྲུང་རིན་པོ་ཆེ་གིས་ ང་བཅས་རའི་ ལྷོ་མོན་ཁ་བཞིའི་རྒྱལ་ཁབ་འདི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཡུལ་གཅིག་ལུ་ བཟོ་གནང་སྟེ་ ཆོས་སྲིད་ལུགས་༢ ཀྱི་ གཞུང་འགོ་བཙུགས་ རྒྱལ་ཁབ་ཀྱི་ རང་དབང་སྒྲིང་སྒྲི་བཟོ་གནང་ཞིནམ་ལས་ཚུར་ རང་དབང་རང་བཙན་གྱི་ རྒྱལ་ཁབ་འབད་དེ་ བདེ་སྐྱིད་གཉིས་ལྡན་གྱི་ཐོག་ གནས་ཚུགས་པའི་ སྐལ་བ་བྱུང་མི་ལུ་བརྟེན་ བཀྲིན་བླ་ན་མེད་པ་ཚུ་ རྗེས་དྲན་ཞུ་ནིའི་དོན་ལུ་ཨིན་པས།
དེ་འབདཝ་ལས་ ཞབས་དྲུང་སྐུ་མཆོད་ཀྱི་ དུས་ཆེན་སྐབས་ ང་བཅས་འབྲུག་མི་ཚུ་གིས་ ཞབས་དྲུང་རིན་པོ་ཆེའི་གསོལ་འདེབས་ འཇིག་རྟེན་དབང་ཕྱུག་ལ་སོགས་པའི་ ཕྱག་མཆོད་གསོལ་འདེབས་ཚུ་ལུ་ བརྩོན་དགོཔ་མ་ཚད་ ཞབས་དྲུང་ལུ་ གསོལ་བ་རྩེ་གཅིག་ཏུ་བཏབ་པ་ཅིན་ རང་ར་སོ་སོ་དང་ ལྷག་པར་དུ་ རྒྱལ་ཁབ་ནང་ རྐྱེན་བར་ཆད་ཚུ་མ་འབྱུང་བར་ བྱིན་གྱིས་བརླབས་ཏེ་ བསྟན་པ་ཡུན་རིང་གནས་པའི་ རྟེན་འབྲེལ་ཡོད་ཟེར་ ཞུ་ནི་ཨིན།

%d bloggers like this: