ཆོས་དང་འཇིག་རྟེན་ ལྷ་ཀླུ་མི་གསུམ་ག་ར་གིས་ མཆོད་པའི་ཡུལ་དུ་འགྱུར་པ་ མེ་ཏོག་དང་འབྲེལ་བའི་ལོ་རྒྱུས་དུམ་གྲ་ཅིག་ཞུ་དགོ་མི་དེ་ཡང་ མི་དབང་འབྲུག་རྒྱལ་༤པ་ དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་ དགུང་ལོ་༦༠བཞེས་པའི་ གུས་བཏུད་སྨོན་འདེབས་ལུ་དམིཊ་ཏེ་ཞུཝ་ཨིན།

དེ་ཡང་དཔལ་ལྡན་འབྲུག་པའི་དོན་གྱི་བསྟན་པ་སྲིད་མཐར་རྒྱས་མཛད་མི་ཡི་བདག །ཁ་ཙམ་མིན་ པར་གསང་ཆེན་བསྟན་དང་དེ་འཛིན་བཅས་པ་རིམ་བྱོན་གྱིས། །འབངས་ལ་བྱམས་ཤིང་བསྟན་པ་བཀུར་བའི་ཐབས་ མཁས་ལས་ལ་རབ་བརྩོན་པའི། །མི་དབང་འཇིགས་མེད་མཚན་ཅན་ཆོས་རྒྱལ་མཆོག་ལ་རབ་ཏུ་གུས་པའི་སྨོན། །ཟེར་མཆོད་པར་བརྗོད་པའི་སྒོ་ལས་ དུས་ཅི་རྒྱལ་ཁབ་ནང་ལུ་ དུས་སྟོན་ལས་ཁྱད་པར་ཅན་དང་ མི་དབང་རིམ་བྱོན་ཚུ་ ལས་ ཁྱད་པར་འཕགས་པ་ རྒྱལ་རབས་༤པ་མཆོག་ལུ་ ལེགས་སྨོན་གྱི་ལས་རིམ་སྣ་ཚོགས་ཞུ་མི་ནང་ལས་ སྤྱི་ལོ་༢༠༡༥སྤྱི་ཟླ་༤པའི་ཚེས་༢ལུ་ སྤ་རོ་ཨྱོན་དཔལ་རི་ཕོ་བྲང་ནང་ལུ་ འབྲུག་རྒྱལ་འཛིན་མེ་ཏོག་གི་འགྲེམ་སྟོན་འགོ་འདྲེན་ཐབས་སྟེ་ཡོདཔ་ད་ དེ་ཡང་ མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་གིས་ འགོ་འབྱེད་གནང་སྟེ་ཡོདཔ་ལས་ མེ་ཏོག་ལུ་མི་མང་གིས་དགའ་སྤྲོ་བའི་བསྐྱེད་ནི་ལུ་བརྩོན་ཤུགས་ཐེབས་བསྐྱེད་བཅུག་ནིའི་ཐབས་ལམ་ཅིག་ཨིན་པས།

སྤ་རོ་ལུ་འགོ་འདྲེན་འཐབ་མི་ འབྲུག་རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་གྱི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསུང་འཕྲིན་ཅིག་གནང་མིའི་ནང་ ང་བཅས་རའི་འབྲུག་རྒྱལ་ཁབ་འདི་ ཞིང་ཁམས་བཟུམ་གྱི་གླིང་ག་ཨིན། འདི་འབདཝ་ད་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ མི་ག་ར་གྲོང་གཡུས་སྤངས་ཏེ་ ཁྲོམ་ཁར་འོང་མི་ མང་པའི་བསྒང་ལས་ ང་བཅས་ར་ལུ་འགན་ཁག་ཐེབས་ཕོག་ཟེར་བཀོད་གནང་ནུག ང་བཅས་ར་སྡོད་སའི་མཐའ་འཁོར་གནས་སྟངས་འདི་ གཙང་ཏོག་ཏོ་ཉེན་ཁ་མེདཔ་ ག་ཅི་ར་འབད་རུང་སྟབས་བདེ་ཏོག་ཏོ་དང་ ནམ་ར་འབད་རུང་ ག་ནི་བ་བྱ་མཆིས་ཆི་བཞག་ཚུགས་པ་ཅིན་ རྒྱལ་ཡོངས་ཀྱི་གཅིག་སྒྲིལ་དང་ མ་འོངས་པའི་མི་སེར་གྱི་བདེ་སྐྱིད་ལུ་ གནམ་མེད་ས་མེད་ཁག་ཆེ། དེ་ཚུ་ རྒྱལ་ཁབ་སྒྲིང་སྒྲིང་བཟོ་བའི་ཕྱག་ལཱ་ཅིག་ཨིན་ཟེར་ མི་དབང་མཆོག་གིས་བཀའ་རྒྱ་གསེར་གྱི་ཐིག་པ་གནང་ཡི།

སྨོན་ལམ་གྱི་རྒྱལ་པོ་བཟང་སྤྱོད་ནང་ལས་ མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་།། སིལ་སྙན་རྣམས་དང་བྱུགས་པ་གདུགས་མཆོག་དང་།། མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས།། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི།། ཟེར་གསུངས་དོ་བཟུམ་ མེ་ཏོག་ དེ་མཆོད་པ་ལེགས་ཤོས་ ཁྱད་པར་ཅན་ཨིན་པའི་རྒྱུ་མཚན་ ནང་པའི་ཆོས་ནང་ལས་འཐོན་དོ་བཟུམ་ མཁས་པ་དགོངས་བཞེད་མཐུན་པས།

སྤ་རོ་ལུ་ འབྲུག་རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་ལས་རིམ་ འགོ་འདྲེན་འཐབ་མི་དེ་གིས་ རྒྱལ་ཁབ་མཐའ་ དབུས་མེད་པར་ སྐྱེ་ཤིང་མེ་ཏོག་གི་ཚོང་ལས་ གོང་འཕེལ་གཏང་ནིའི་ བརྩོན་ཤུགས་བསྐྱེད་ཐབས་ལུ་ཨིནམ་ལས་ ད་རེས་ནངས་པ་ རྒྱལ་ཁབ་ནང་ལུ་མེ་ཏོག་གི་ཚོང་འབྲེལ་འཐབ་མི་ཡང་ ལེ་ཤ་ཐོན་དོ་ཡོདཔ་མ་ཚད་ འོང་འབབ་ཡང་ དུམ་གྲ་རེ་བཟོ་དོ་ཡོདཔ་ལས་ མེ་ཏོག་དེ་ཡང་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ལས་ གསོ་སྐྱོང་འཐབ་དོ་ཡོདཔ་ཨིན། ཙམ་པ་ཀའི་མེ་ཏོག་རྙིང་འགྱུར་ཀྱང་།། མེ་ཏོག་ཕལ་པ་བརྒྱའི་དོ་ད་མིན་ཟེར་ གསུངས་ཡོད་དོ་བཟུམ་ མ་གཞི་ མེ་ཏོག་དེ་མཆོད་པའི་ཡུལ་དང་ གསེར་སྦྱངམ་འབུང་བ་འཁོར་ས་ཅིག་ཨིན། མེ་ཏོག་དེ་ཡང་ རང་བཞིན་གྱི་སྐྱེ་ མི་དང་ མི་སྡེ་ཚུ་གིས་ རང་སོའི་བློ་འདོད་དང་བསྟུན་ཏེ་གསོ་སྐྱོང་འཐབ་ནི་ ད་རེས་ འཛམ་གླིང་སྤྱི་ལུགས་དང་ བསྟུན་ཏེ་ མེ་ཏོག་གི་ཚོང་འབྲེལ་འཐབ་མི་ཡང་ལེ་ཤ་ཡོདཔ་ལས་ མེ་ཏོག་ཚོང་འབྲེལ་གྱི་ ཕན་ཐོགས་ག་དེ་སྦེ་འོང་ག་ཟེར་མནོ་བ་ཅིན།  མཁན་པོ་ཕུན་ཚོགས་བཀྲིས་མཆོག་གིས་ མི་སྡེ་ཚུ་གིས་ མེ་ཏོག་གསོ་སྐྱོང་ཐབས་  རང་ལུ་ཁེ་དང་གཞན་ལུ་ཕན་པའི་ བསམ་པ་བཟང་པོའི་སྒོ་ལས་མཛད་གནང་དགོཔ་དེ་ ཁག་ཆེ་ནི་ཨིན་མས། སྟེ་ བཀྲིས་གཡང་རྩེ་ལས་ཨཔ་རྡོ་རྗོ་དབང་འདུས་ཀྱིས་འབད་བ་ཅིན་ དང་ཕུག་རྒྱལ་ཁབ་ནང་ལུ་ མེ་ཏོག་གསོ་སྐྱོང་དང་ རྩིས་མཐོང་སྐྱེད་མི་ཡང་གནམ་མེད་ས་མེད་མེདཔ་ལས་ ད་རེས་ གོང་འཕེལ་གྱི་འགྱུར་བ་ ལས་བརྟེན་ མེ་ཏོག་ལག་ལེན་འཐབ་མི་ལེ་ཤ་འདུག་ཟེར་ཨིན་མས།

སྤ་རོ་ཨྱོན་དཔལ་རི་ཕོ་བྲང་ནང་ལུ་ འགོ་འདྲེན་འཐབ་མི་ འབྲུག་རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་ལས་རིམ་དེ་ ད་ལས་ཕར་ ལོ་བསྟར་བཞིན་དུ་འགོ་འདྲེན་འཐབ་ནི་ཨིནམ་ལས་ སྟེ་ མི་དབང་རྒྱལ་ཡུམ་ཚེ་རིང་གཡང་སྒྲོན་དབང་ ཕྱུག་མཆོག་ འབྲུག་རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་གྱི་དོན་ལུ་ སྐྱབས་འཛིན་པ་ཨིན་པས། སྟེ་ མེ་ཏོག་གསོ་སྐྱོང་ འཐབ་མི་ཚུ་གིས་འབད་བ་ཅིན་ མེ་ཏོག་གསོ་སྐྱོང་ཐབས་ནི་དེ་ ལ་ཁག་དུག་ཟེར་ཨིན་པས། བདེ་སྨོན་ལས། སྐྱེ་གནས་བཞི་ཡི་མཆོག་འགྱུར་པ། །མེ་ཏོག་པདྨའི་སྙིང་པོ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག ། སྐད་ཅིག་ཉིན་ལ་ལུས་རྫོགས་ནས། །མཚན་དཔེ་ལྡན་པའི་ལུས་ཐོབ་ཤོག ། ཟེར་གསུངས་དོ་བཟུམ་ བདེ་བ་ཅན་གྱི་ཞིང་ ཁམས་བཟུམ་ལུ་འབད་བ་ཅིན་ སྐྱེ་བ་དེ་ཡང་ མེ་ཏོག་པདྨའི་སྦུབས་ལས་ བརྫུས་ཏེ་སྦེ་སྐྱེ་བ་ལེན་དོ་ཡོདཔ་ལས་ མེ་ ཏོག་དེ་ ག་ནི་བ་ཁག་ཆེ་ཤོས་ཅིག་ཨིན་མས། སྟེ་ མེ་ཏོག་ཚོང་འབྲེལ་འཐབ་མི་ཚུ་གིས་འབད་རུང་ མེ་ཏོག་དེ་མཆོད་ པའི་ཡུལ་ཅིག་འབདཝ་ལས་ བླམ་ཆོགཔ་ཚུ་མེ་ཏོག་ཉོ་བར་བྱོན་མི་ཚུ་ལུ་ གོང་ཚད་མར་ཕབས་འབད་ཕུལ་དོ་ཟེར་ ཨིན་མས།

ད་རུང་ བདེ་སྨོན་ལས་ མེ་ཏོག་པདྨ་དྲི་ཞིམ་འབྲས་བུར་ལྡན། །པདྨའི་འོད་ཟེར་དཔག་ཏུ་མེད་པར་འཕྲོ། །འོད་ཟེར་རྩེ་ ལ་སྤྲུལ་པའི་སངས་རྒྱས་བརྒྱན། །ཡ་མཚན་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །ཟེར་གསུངས་དོ་བཟུམ་ མེ་ཏོག་དེ་ཆོས་ ཀྱི་ནང་ལས་ ཁག་ཆེ་ཤོས་ཅིག་ཨིན་མས། དེ་དང་འདྲཝ་སྦེ་ སྔོན་བྱོན་རྒྱལ་བ་གོངམ་གི་བཀའ་དང་བསྟན་བཅོས་ཚུ་དང་ གླུ་གར་ཞབས་ཁྲ་ཚུ་ནང་ དཔེ་ མང་ཤོས་ཅིག་ མེ་ཏོག་ལུ་གཞི་བཞག་སྟེ་ཡོད་པའི་སྐོར་ལས་བཤད་མི་ལུ་ལྟཝ་ད་ འཛམ་གླིང་ནང་དཔེའི་གྲས་ལས་མཛེས་ཤོས་དང་ཡོངས་གྲགས་ཅན་ཅིག་མེ་ཏོག་འདི་ཨིན་པས།

 མེ་ཏོག་དེ་ མཆོད་པའི་རྒྱུ་དངོས་ཅིག་དང་ མཐའ་འཁོར་མཛེས་ཆ་དང་ལྡནམ་སྦེ་བཞག་ཐབས་ལུ་  རྫོང་གཞི་ ཁག་དང་ ལྷ་ཁང་དགོན་སྡེ་ སློབ་གྲྭ་ཁག་ གཞན་ཡང་ཡིག་ཚང་དང་ ལས་འགུལ་ཚུ་ནང་ལས་ཕར་ མེ་ཏོག་ གསོ་སྐྱོང་འཐབ་སྟེ་ ག་ནི་བ་ མཛེས་ཏོག་ཏོ་སྦེ་ཡོདཔ་ཨིན། གསོ་བའི་ཁ་ཐུག་ལས་ མེ་ཏོག་ལས་བརྟེན་ཏེ་ མིའི་བསམ་སྤྱོད་འགྱུར་བ་འབྱུང་ཚུགསཔ་ལས་ ཕན་ཐོགས་ཡོད་པའི་ལོ་རྒྱུས་བཤད་ནི་འདུག་ཟེུར་ཞུ་ནི་ཨིན།

ཞིབ་འཚོལ་དང་རྩོམ་སྒྲིགཔ་ ཕུར་པ་ཚེ་རིང་།



%d bloggers like this: