མཐུན་པ་སྤུན་བཞི།


thangka1མཐུན་པ་སྤུན་བཞི་ཟེར་མི་འདི་ བྱ་སྲེག་པ། རི་བོང་། སྤྱ། གླངམ་ཆེ་བཞི་ལུ་སླབ་ཨིན། འདི་བཞི་གིས་དཔེ་དེ་སྦེ་སྟོན་དགོ་པའི་དོན་དག་འདི་ རྒན་ཤོས་ལུ་གུས་བཀུར་དང་ གཞོན་ཤོས་ལུ་བྱམས་བརྩེ་བསྐྱེད་དེ་ ཡ་རབས་བཟང་པོའི་ལམ་ལས་ ཞི་བདེའི་སར་འགོད་པའི་དཔེ་ཨིན་པས།
ཧེ་མ་ཡུལ་ཝཱ་རཱ་ཎ་སིའི་རྒྱལཔོ་ཚངས་སྦྱིན་གྱི་དུས་ལུ་ སྟོན་པ་བཅོམ་ལྡན་འདས་ཀྱིས་ བྱ་སྲེག་པ་གི་སྐྱེ་བ་བཞེས་ཏེ་ ནགས་ཚལ་སྦོམ་ཀ་ཤི་ཟེར་བའི་ས་ཁོངས་ནང་བཞུགས་ནུག འདི་ནང་སྤྱ་ཅིག་དང་། རི་བོང་། གླང་པོ་ཆེ་ཅིག་ གཅིག་གིས་གཅིག་ལུ་བྱམས་སྐྱོང་བསྐྱེདཔ་མ་གཏོགས་ གནོད་སེམས་ཏིལ་འབྲུ་ཙམ་ཡང་མེད་པར་བདེ་སྐྱིད་ཀྱི་དཔལ་ལུ་སྤྱོད་དེ་སྡོད་པའི་སྐབས་ལུ་ ང་བཅས་ཆ་ཁྱབ་ རིགས་བརྒྱུད་སོ་སོ་ཨིན་རུང་ སྔོན་མའི་ལས་འཕྲོ་ལུ་བརྟེན་ ཚེ་ད་རེས་གཅིག་གིས་གཅིག་ལུ་ བྱམས་པ་དང་བརྩེ་བའི་ལྷག་བསམ་ ཆུ་དང་ཨོམ་གཅིག་ཁར་སླ་བསྲེས་སྲེསཝ་བཟུམ་སྦེ་ཡོད། ཨིན་རུང་དེམ་ཅིག་གིས་ བཟང་པོའི་བྱ་བ་རྫོགསཔ་མིན། གཅིག་གིས་གཅིག་ལུ་ ཞབས་ཏོག་བསྙེནབཀུར་དང་ གུས་ཞབས་དྲིན་གཟོ་ཤེས་པའི་སྲོལ་དགོཔ་གལ་ཆེ་བས་ཟེར་བའི་ལོ་རྒྱུས་བྱུང་ནུག།
ལོ་རྒན་གཞོན་གྱི་དབྱེ་བ་ཕྱེ་ནིའི་དོན་ལུ་ ཤིང་ནྱ་གྲོ་ཏའི་སྐོར་ལས་ ག་དེ་སྦེ་ཤེས་ག་བལྟ་ནི་གུ་གྲོས་འཆམ་བྱུང་ནུག གླང་ཆེན་གྱིས་ཤིང་འདིའི་འདབ་མ་གསརཔ་ འགོ་དང་པ་ང་གིས་མཐོང་པའི་སྐབས་ ངེའི་གཟུགས་དང་འདྲན་འདྲ་འདུག་ཟེར་སླབ་ནུག
སྤྱ་གིས་ ང་གིས་ཤིང་འདི་དང་པ་མཐོང་པའི་སྐབས་ ངེའི་གཟུགས་དང་འདྲན་འདྲ་འཚམས་ཅིག་འདུག་ཟེར་སླབ་ནུག
རི་བོང་གིས་ ང་གིས་དྲནམ་བདའ་ཟུནམ་ཅིག་ཁར་ ཤིང་འདི་ཆུང་སུ་ཅིག་ར་ཨིན་པས། དེ་བསྒང་ཤིང་གི་འདབ་མ་གུ་ཆགས་ཏེ་ཡོད་མི་ཟིལཔ་ ང་གིས་ལྕེ་བལྡགས་ཅི་ཟེར་སླབ་ནུག།
བྱ་སྲེག་གིས་ ཤིང་འདིའི་སོན་ས་འོག་ལུ་ཡོད་པའི་སྐབས་ ང་གིས་ཨ་བཏང་སྟེ་སྐྱེས་སྐྱེཝ་ཨིན་ཟེར་སླབ་ལས་ ལོའི་རྒན་གཞོན་གོ་རིམ་ཧ་གོ་ཡོདཔ་ལས་ གཞོན་ཤོས་ཀྱིས་ རྒན་ཤོས་ལུ་ཞབས་ཏོག་ཞུ་ནི་དང་། རྒན་ཤོས་ཀྱིས་གཞོནམ་ལུ་ བྱམས་སྐྱོང་བསྐྱེད་ནི་གུ་ཐག་བཅད་དེ་ གླངམ་ཆེ་གིས་སྤྱ་འབག སྤྱ་གིས་རི་བོང་འབག རི་བོང་གིས་བྱ་སྲེག་པ་སྒལ་པར་འབག་སྟེ་ མཐུན་འབྲེལ་ལུ་གནས་ཏེ་ཡོད་པའི་སྐབས་ལུ་ བྱ་སྲེག་པ་གིས་ ད་འབདན་ང་བཅས་ཆ་ཁྱབ་ གཅིག་གིས་གཅིག་ལུ་གུས་བཀུར་དང་ བྱམས་བརྩེ་བསྐྱེད་ནིའི་ལུགས་སྲོལ་འདི་དཔེ་བཟང་པོ་ཅིག་ཨིན། ཨིན་རུང་དེམ་ཅིག་གིས་རྫོགསཔ་མིན་ ད་རུང་ཞི་ཞིང་དུལ་བ་བག་ཡོད་དང་ལྡན་དགོ་ཟེར་བའི་བསླབ་བྱ་བྱིནམ་ད་ ཆ་རོགས་གསུམ་གྱིས་ཡང་ འདི་གནམ་མེད་ས་མེད་ལེགས་ཤོམ་ཨིན་པས་ཟེར་ དེ་དང་མཐུནམ་སྦེ་འབད་ནུག།
དེ་ལ་བརྟེན་ཏེ་ལུང་གཤོང་འདི་ནང་ཡོད་པའི་ བྱ་དང་རི་དྭགས་སེམས་ཅན་ག་ར་ ཕན་ཚུན་གཅིག་གིས་གཅིག་ལུ་གནོད་པའི་ལཱ་ངན་སྤངས་ཏེ་ གཅིག་གིས་སླབ་གཅིག་གིས་ཉན་ཏེ་ དགའ་བདེའི་དཔལ་ལུ་གནས་ནུག དེའི་བསོད་ནམས་ཀྱི་མཐུ་གིས་ ཡུལ་ཁམས་ག་ཏེ་ལུ་ཡང་ དགའ་སྐྱིད་ཞི་བདེ་འགྱུར་བ་མེད། ཚེ་དང་བསོད་ནམས་དཔལ་འབྱོར་ཡར་ངོའི་ཟླ་བཟུམ་སྦེ་ གོང་ལུ་འཕེལ་ནུག་ཟེར་ཞུ་ནི་ཨིན།