བསངས་དཔེ་བཀྲ་ཤིས་རེ་སྐོང་།


༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བཀྲ་ཤིས་ཟླ་བ་ཡར་གྱི་ངོ༌། །གཟའ་སྐར་དགེ་བའི་ནམ་སེང་ལ། །བླ་མ་ཡི་དམ་མཁའ་འགྲོ་དང༌། །ཆོས་སྐྱོང་སྡེ་བརྒྱད་ཇི་སྙེད་པའི། །གཏོར་མ་དང་ནི་གསེར་སྐྱེམས་བཤམ། །ཕྱེ་མར་ཆུ་གཙང་ཉེར་སྤྱོད་ལྔ། །དཀར་སྣ་མངར་སྣ་ཁྲག་སྣ་དང༌། །ལིངྒ་མཆོད་པའི་རྫས་སུ་བཀོད། །སྤོས་སྨན་ཤིང་སྣའི་བསངས་སྦྱར་ཞིང༌། །མདའ་དར་འཕན་མཛེས་མཁའ་ལ་འཕྱར། །གནམ་ལ་འཕུར་དང་ས་ལ་རྒྱུའི། །སྲོག་ཆགས་གཟུགས་དང་རིན་ཆེན་བདུན། །བཀྲ་ཤིས་རྫས་སོགས་ཙཀྐ་ལི། །གཏོར་མའི་ཐད་ཀྱི་བར་སྣང་བསྒྲེངས། །བདག་ཉིད་བདེ་བའི་སྟན་ལ་འདུག །ཆོ་ག་སྤྱིའི་སྐྱབས་འགྲོ་མ་ནམ་བཞི་བསྐོར་ལན་གསུམ་དང༌། བསྟོད་ཚོགས་ནི། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང༌། །གཞན་གྱི་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང༌། །ཉེ་བའི་སྲས་ཆེན་བརྒྱད་ལ༴ །གང་ཞིག་ཕན་བདེ་ཐམས་ཅད་འབྱུང་བའི་ཁུངས། །བསྟན་པ་རིན་ཆེན་ཕྱག་ཏུ་གཏད་པ་དེ། །ཆོས་བཞིན་བྱི་དོར་མཛད་པའི་དགྲ་བཅོམ་པ། །གནས་བརྟན་རྒྱལ་ཚབ་རྣམས་ལ༴ །རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ། །པདྨ་འབྱུང་གནས་སྐུ་ལ་འདས་འཁྲུངས་མེད། །ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །ཨོ་རྒྱན་རིན་པོ་ཆེ་ལ༴ །ཤེས་བྱའི་མཁའ་ལ་མཁྱེན་རབ་དཀྱིལ་འཁོར་རྒྱས། །མཛད་པའི་འོད་སྟོང་གདུལ་བྱའི་གླིང་ལ་ཕོག །རྒྱལ་བའི་བསྟན་པ་ཀུན་ནས་གསལ་མཛད་པའི། །དཀར་བརྒྱུད་རིན་པོ་ཆེ་ལ༴ །དཔལ་ལྡན་འཇིག་རྟེན་དབང་ཕྱུག་ཐམས་ཅད་ཀྱི། །ཅོད་པན་གཅིག་པུར་གྱུར་པ་ཆོས་ཀྱི་རྒྱལ། །མཐའ་ཡས་འགྲོ་ལ་ཕན་བདེའི་བྱེད་པ་པོ། །དཔལ་ལྡན་འབྲུག་པའི་ཞབས་ལ༴ །མི་ཕམ་པདྨ་དཀར་པོ་ཆོས་ཀྱི་རྒྱལ། །བསྟན་པའི་མངའ་བདག་པཎ་ཆེན་འགྲོ་བའི་མགོན། །སྙིགས་དུས་རྒྱལ་བ་གཉིས་པ་ཆོས་ཀྱི་རྗེ། །ངག་དབང་ནོར་བུའི་ཞབས་ལ༴ །རྒྱ་ཆེན་ཐུགས་རྗེའི་དབང་ཕྱུག་གྲུབ་པའི་མགོན། །མི་ཕམ་ཆོས་ཀྱི་སྤྱན་ཡངས་ཆོས་ཀྱི་རྗེ། །རྒྱལ་བ་རྒྱ་མཚོའི་རྒྱལ་ཚབ་རིན་པོ་ཆེ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ༴ །དཔལ་ལྡན་གྲུབ་རིགས་ནམ་མཁའི་རྒྱན་ཤར་བཞིན། །ལེགས་བཤད་འོད་ཟེར་འབུམ་ཕྲག་འགྱེད་པ་ཡིས། །སྐྱེ་དགུའི་སྙིང་མུན་འཇོམས་ལ་འགྲན་བྲལ་བའི། །བསྟན་པའི་ཉི་མའི་ཞབས་ལ༴ །རྒྱལ་ཀུན་ཐུགས་རྗེའི་མཐུ་ལས་ལེགས་འོངས་ཤིང༌། །ངག་གི་དབང་ཕྱུག་གྲགས་པ་སྤྲུལ་པའི་སྐུ། །མཁྱེན་བརྩེ་ནུས་མཐུས་ས་གསུམ་འགྲོ་བ་འདྲེན། །པད་དཀར་དབང་པོའི་ཞབས་ལ༴ །སྡོམ་གསུམ་མཛེས་པའི་སྐུ་མངའ་ཉེས་བྲལ་ཞིང༌། །ཟབ་རྒྱས་ཆོས་ཕུང་གསུང་གིས་འགྲོ་རྣམས་ཚིམ། །སྒྲིབ་གཉིས་སྤྲིན་བྲལ་ཐུགས་ཀྱིས་ཟབ་དོན་གཟིགས། །ལྷ་དབང་བློ་གྲོས་ཞབས་ལ༴ །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་ཕྲེང་དབུས། །རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞབས་ལ༴ །མཁྱེན་པས་མ་རིག་མུན་པའི་ཚོགས་འཇོམས་ཤིང༌། །བརྩེ་བས་གཞན་དོན་ཡལ་བར་མི་འདོར་བར། །ནུས་པས་འདུད་དཔུང་འཇོམས་བྱེད་ལྷ་ཡི་ལྷ། །ངག་དབང་རྣམ་རྒྱལ༴ །ཁམས་གསུམ་སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར། །འཆི་མེད་རྡོ་རྗེའི་སྐུ་མཆོག་རབ་བརྙེས་ནས། །ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །ཇི་སྲིད་འཚོ་ཞིང་གཞེས་པར་གྱུར་ཅིག་གུ། །ཤེས་བྱ་ཀུན་གཟིགས་དགེ་ལེགས་དུ་མའི་དཔྱིད། །ཕས་རྒོལ་གཉིས་འཐུང་ཚོགས་ཀྱི་ཀླད་འགེམས་པའི། །སྨྲ་བའི་སེངྒེ་དཔལ་ལྡན་ངག་གི་དབང༌། །བསྟན་འཛིན་རབ་རྒྱས་ཞབས་ལ༴ །རྒྱལ་ཀུན་ཐུགས་རྗེ་གར་བསྒྱུར་ངག་གི་དབང༌། །འགྲོ་བ་རྣམས་ལ་ཀུན་དགའི་གཉེན་གཅིག་པུ། །ཐེག་གསུམ་ཆོས་ཀྱི་རྒྱལ་མཚན་རྩེར་སོན་པའི། །ཀུན་དགའ་རྒྱལ་མཚན་ཞབས༴ །གངས་ཅན་གྲུབ་པའི་དབང་ཕྱུག་མི་ལ་རྗེའི། །གསང་སྔགས་སྙན་རྒྱུད་མཛོད་འཛིན་རྔམ་རྫོང་སྟོན། །འགྲོ་དོན་སྐྱོངས་ཕྱིར་གསང་སྦས་རྣལ་འབྱོར་པ། །ཤཱཀྱ་ཤྲཱིའི་ཞབས་ལ༴ །དཀར་བརྒྱུད་གྲུབ་དབང་ཡོངས་ཀྱི་དགོངས་པའི་བཅུད། །ངེས་དོན་ཕྱག་རྒྱ་ཆེན་པོའི་བདུད་རྩིའི་རྒྱུན། །གང་ཐུགས་གཉུག་མའི་བུམ་པར་ལེགས་གཏམས་པའི། །བསྟན་འཛིན་རྒྱ་མཚོའི་ཞབས་ལ༴ །དཔལ་ལྡན་འབྲུག་པའི་ཆོས་ཀྱི་རྒྱལ་སྲིད་ལ། །དབང་བསྒྱུར་འཇིགས་བྲལ་སྨྲ་བའི་སེང་གེ་ཡི། །རྒྱལ་ཚབ་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན། །ཡེ་ཤེས་སེངྒེའི་ཞབས་ལ༴ །མདོ་སྔགས་མང་ཐོས་ལུང་གི་སྤྲིན་འཁྲིགས་ཤིང༌། །མངོན་རྟོགས་བསླབ་གསུམ་ལུས་ཀྱི་རྩལ་རྫོགས་ཏེ། །ཟབ་རྒྱས་ཆོས་ཀྱི་མཁའ་ལ་སྒྲ་སྒྲོགས་པའི། །དགེ་འདུན་རིན་ཆེན་ཞབས་ལ༴ །ཁྱད་པར་ལྷོ་ལྗོངས་ཡངས་པའི་རྒྱལ་ཁམས་འདིར། །ཆོས་སྲིད་ལུང་གིས་འགྲོ་རྣམས་བདེར་འཚོ་བའི། །བཀའ་དྲིན་མཚུངས་མེད་ངག་དབང་རྣམ་རྒྱལ་རྗེའི། །བརྒྱུད་འཛིན་བླ་མ་རྣམས་ལ་གསོལ་བ་འདེབས། ། ༈ བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་པའི་ཐར་ཚུགས་རོལ་བྱ། རྐང༌། བསྒོས་སྒྲུབ་འདིའི་སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསངས་མཆོད་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ལན་གཅིག །མཆོད་རྫས་རྣམས་ལ་ཆབ་སྦྲན། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས། ཨོཾ་སརྦ་བིད་པུ་ར་པུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོ་བཛྲ་སྥ་ར་ཎ་ཁཾ་སྭཱཧཱ། ལན་གསུམ། །ཞེས་བརྗོད་མགྲོན་རྣམས་ཐམས་ཅད་ཀྱི། །ཡིད་དགའི་མཆོད་རྫས་མཁའ་ཁྱབ་བསམ། །རྔ་སིལ་གླིང་བུ་དུང་སོགས་དང༌། །སྙན་པའི་དབྱངས་ཀྱིས་འདི་སྐད་གྱེར། །གཉིས་པ་བདག་བསྐྱེད་ནི། ཕབ་༣་བརྡུང༌། རྐང༌། ཀྱཻ༏ ཀ་དག་ངོས་བཟུང་བྲལ་བའི་དབྱིངས། །ལྷུན་གྲུབ་མ་འགགས་འཆར་སྒོའི་དཔྱིད། ༣་བར །མཉམ་ཉིད་ཐུགས་རྗེའི་ཀློང་ལས་སུ། །བདག་ཉིད་པདྨ་འབྱུང་གནས་སྐུ། །ཅུང་ཟད་ཁྲོ་བའི་ཉམས་ལྡན་པར། །དབུ་ལ་པད་ཞྭ་རྒོད་ལྡེམ་གསོལ། །ཟ་འོག་བེར་དང་ཆོས་གོས་བཞེས། །རྡོ་རྗེ་བདུད་རྩིའི་ཐོད་པ་བསྣམས། །ཁ་ཊྭཱཾ་ག་ནི་ཕྲག་གཡོན་བཀལ། །རྒྱལ་པོ་ཆེན་པོ་རོལ་པས་བཞུགས། །གཡས་སུ་ལྷ་ལྕམ་མནྡྷ་ར། །སྔོ་སངས་གྲུབ་པའི་རྣལ་འབྱོར་མ། །གཡོན་དུ་མཁར་ཆེན་མཚོ་རྒྱལ་བཟའ། །དཀར་མོ་གཉིས་ཀའང་བདུད་རྩི་འབུལ། །སྐུ་གསུང་ཐུགས་ལ་ཨོཾ་ཨཱཿཧཱུྃ། །དེ་ལས་སྤྱན་འདྲེན་འོད་ཟེར་འཕྲོས། །རོལ་ཕབ་ནས་བྲེལ་ལེན། ཀྱཻ༏ འདི་ནས་ཉི་མ་ལྷོ་ནུབ་མཚམས། །རྔ་ཡབ་གླིང་གི་ཡུལ་གྱི་དབུས། བྲེལ །ཟངས་མདོག་དཔལ་གྱི་རི་བོའི་རྩེའི། །པདྨ་འོད་ཀྱི་གཞལ་ཡས་ནས། བྲེལ་བར་ །སྲིན་པོ་ཁྲིམས་ལ་འགོད་པའི་རྒྱལ། །པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ། །འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར། །འཇའ་དང་འོད་དུ་པུ་རུ་རུ། །དད་པས་སྤྱན་འདྲེན་ཚུར་གཤེགས་ལ། །གནས་མཆོག་འདི་རུ་བྱིན་ཅིག་ཕོབ། །སྒྲུབ་མཆོག་བདག་ལ་དབང་ཞིག་བསྐུར། །མཐུན་རྫས་རྣམས་ལ་ནུས་པ་བསྐྱེད། །ཕབ་༤་བརྡུང༌། ཀྱཻ༏ རིག་འཛིན་བླ་མའི་ཚོགས་ཀྱི་རྗེ། །དཀྱིལ་འཁོར་འཁོར་ལོའི་དབུས་ཀྱི་མགོན། །མ་མོ་མཁའ་འགྲོར་རོལ་པའི་ཡབ། །པདྨ་འབྱུང་གནས་ཁྱོད་ལ་བསྟོད། །ཕྱི་ནང་གསང་བ་དེ་ཁོ་ནའི། །མཆོད་རྫས་ཅི་མཆིས་ཀུན་ཏུ་བཟང༌། །མཆོད་པའི་སྤྲིན་ལས་གང་སྤྲུལ་པ། །དེ་བཞིན་བདག་གིས་འབུལ་གྱིས་བཞེས། །ཐོག་མ་མེད་ནས་ད་ལྟའི་བར། །བཅས་རང་ཁ་ན་མ་ཐོའི་སྡིག །བགྱིས་དང་བགྱིད་སྩལ་ཡི་རང་བ། །ཐམས་ཅད་ཁྱོད་ཀྱི་སྤྱན་སྔར་བཤགས། །དགེ་བ་བྱེད་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ། །འཁོར་བཅས་བདག་དང་གཉིས་མེད་གྱུར། །ཛཿཛཿའགུགས་བྱེད་ལྕགས་ཀྱུ་འཕྲོས། །ཕབ་༤བརྡུང༌། ཀྱཻ༏ ཀུན་བཟང་ཐུགས་རྗེ་རོལ་པའི་ཚེ། །ཀུན་ཁྱབ་བླ་མ་རིན་པོ་ཆེ། །བརྟན་གཡོའི་རྣམ་འཕྲུལ་མི་ཟད་པས། །བྱིན་རླབས་ཡ་མཚན་འགྱེད་པར་མཛད། །ཁམས་དྲུག་དག་པའི་སྣང་བརྙན་ལ། །ཞི་བ་དང་ནི་ཁྲོ་ཆགས་ཀྱི། །རྒྱལ་བའི་དཀྱིལ་འཁོར་ཀུན་ཤར་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །འབྱུང་ལྔའི་ཟད་པ་གཞོམ་མེད་སྒྲ། །གསང་སྔགས་རིག་སྔགས་གཟུངས་སྔགས་དང༌། །སྙིང་པོའི་ཆོས་ཕུང་སྐལ་བ་བཞིན། །རང་རང་སོ་སོའི་སྐད་དུ་གྲགས། །ནཱ་ཌི་དབུ་མར་རེངས་པའི་གཟུགས། །ས་གསུམ་རོལ་པའི་ཚོགས་ཀྱི་མཆོག །མཁའ་གྲོ་མ་ཡི་དྲྭ་བ་སྡོམ། །ཕྱི་ནང་གསང་བའི་བར་ཆད་སེལ། །སྐྱབས་ཀྱི་དམ་པ་ཁྱེད་རྣམས་ལ། །གཉིས་སུ་མེད་པར་སུ་སྐྱབས་པ། །དེ་ནི་སྟོབས་ཆེན་བདུད་བཞིའི་གཡུལ། །མཉམ་ཉིད་རིག་པའི་ངང་དུ་འཇོམས། །དེ་ཕྱིར་དེང་ནས་ཁྱེད་རྣམས་ལ། །མི་ཕྱེད་བློ་ཡིས་བདག་སྐྱབས་ཀྱིས། །བདེན་མིན་རྫུན་མིན་ཆུ་ཟླའི་དཔེས། །མཚོན་པའི་རོལ་པས་འདིར་གཤེགས་ཤིག །ཕབ་༤བརྡུང༌། ཀྱཻ༏ དཀོན་མཆོག་གསུམ་པོ་འདུས་པའི་དཔྱིད། །རྡོ་རྗེ་སྲིན་པོ་ཁྲོ་བོའི་རྒྱལ། །མཧཱ་ཀཱ་ལ་ཕྱག་བཞི་པ། །སྤྲུལ་པའི་ཞིང་སྐྱོང་ཆེན་པོར་སྣང༌། ༤་རྐང་ །ཁྲག་འཐུང་ཆེན་པོའི་ཚོགས་ཀྱི་རྗེ། །འཇིགས་བྱེད་ཁྲོ་བོ་སྤྲོ་བའི་གཞི། །སྦྱོར་བའི་ཡུམ་ནི་ཙནྜི་ཀ །སྔགས་བདག་ཆེན་མོ་རལ་གཅིག་མ། ༤རྐང་ །འདོད་པའི་ཁམས་ལ་དབང་སྒྱུར་ཚེ། །དཔལ་ལྡན་དུད་སོལ་ལྷ་མོར་གྲགས། །དུང་སྐྱོང་རེ་ཏི་མཆེད་བཞི་དང༌། །དམག་ཟོར་རང་བྱུང་རྒྱལ་མོ་སོགས། ༤བར་རྐང་ །དབྱིངས་ཀྱི་མ་མོ་ཅིར་ཡང་རྫུ། །འགུགས་བྱེད་གསོད་བྱེད་སྒྲོལ་བྱེད་དང༌། །རྡོ་རྗེ་རིན་ཆེན་པདྨ་དང༌། །ལས་དང་ཕྲ་མེན་སྒོ་སྐྱོང་བཞི། །སྲིད་པའི་མ་མོ་ཡོངས་ཀྱིས་བསྐོར། །འཁྲིལ་བའི་ཡུམ་ནི་མཁའ་འགྲོ་དྲུག །གདོང་ཅན་བརྒྱད་པོ་དག་ཀྱང་འཕྲུལ། །ཡིད་ལ་འདོད་པ་རྣམས་སྟེར་ལ། །བཀྲ་ཤིས་ཚེ་རིང་མཆེད་ལྔར་སྣང༌། །དམ་ཚིག་ཅན་གྱི་མགོན་སྐྱབས་ལ། །བོད་ཡུལ་ལྷན་ཅིག་སྐྱེས་མ་སྟེ། །རྡོ་རྗེ་གཡུ་སྒྲོན་མར་ཡང་གྲགས། ༤ །བོད་ཁམས་དཀར་པོ་སྐྱོང་བ་ལ། །བརྟན་མ་བཅུ་གཉིས་དག་ཏུ་ཤར། །དཔལ་གྱི་ལྷ་མོ་རོ་ཟན་མ། །རྡོ་རྗེ་སྣ་ཡོན་རབ་བརྟན་མ། །འཇིག་རྟེན་ཁམས་ཀྱི་མོ་རྒྱུད་ཀུན། །དེ་ཡི་བཀའ་སྡོད་ཕོ་ཉ་མོ། །དཔལ་ལྡན་མགོན་པོའི་བློན་པོ་ནི། །ལེགས་ལྡན་ནག་པོ་ཆེན་པོ་སྟེ། །བྱ་རོག་གདོང་ཅན་འཇིགས་པར་སྟོན། །མཆེད་ནི་གསུམ་བཅས་གསང་བའི་བུ། །དེ་ནི་ལྷ་དམག་དབུགས་འབྱིན་ལ། །གྲི་གུག་རྗེ་བློན་འབངས་སུ་མཛད། །ཕས་ཀྱི་དམག་དཔུང་འཇོམས་པ་ལ། །བེང་ཆེན་ཐོགས་པར་སྤྲུལ་པ་ཡིན། །མུ་སྟེགས་སྔགས་བཟློག་མཁན་གྱི་གཤེད། །མ་ནིང་ནག་པོ་ཆེར་ཡང་སྣང༌། ༤ །གཞན་ཡང་གུར་གྱི་མགོན་པོ་དང༌། །ཕྱག་དྲུག་པ་དང་ཨ་གྷོ་ར། །རྗེ་བཙན་སེང་གེ་སྟག་ཞོན་དང༌། །སྲོག་ཏིག་ཏྲཀྴད་བེར་ནག་གྱོན། །སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་མགོན་པོའི་རིགས། །སྐུ་མདོག་ཕྱག་མཚན་མ་ངེས་པ། །ཅིར་ཡང་རྫུ་འཕྲུལ་སྟོབས་ལས་འགྱེད། །ལས་མཛད་མགོན་པོ་ཞལ་བཞི་པ། །ཞིང་སྐྱོང་སེང་གེའི་གདོང་པར་བསྟན། །མ་ཧེ་ཁྲོས་པའི་མགོ་ཡང་འགར། །སི་ན་ར་མ་དང་ནི་རོལ། །དུས་མཚན་སྲིན་པོ་ཕོ་ཉར་བསྐུལ། །སྡེ་བརྒྱད་དམག་ཚོགས་དགྲ་ལ་སྤྲོ། །ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །འཇིགས་བྱེད་དྲེགས་པའི་དཔོན་དུ་བསྐོས། །ཀླུ་སྲིན་གདོང་མོ་གཟའ་ཆེན་བརྒྱད། །སྐར་མའི་ལྷ་ནི་དེ་ཡི་བྲན། །དགྲ་བོའི་སྲོག་ལ་རྔམ་ཟས་བྱེད། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ཁྲོས་པ་གནོད་སྦྱིན་ཁྲག་རལ་ཅན། །ནོར་རྒྱུན་མ་དང་རྟག་ཏུ་སྦྱོར། །རྟ་བདག་ཡུམ་བཅས་བརྒྱད་ལ་སོགས། །གོས་སྔོན་ཅན་ནི་ཐམས་ཅད་འཁོར། །སེར་ཆགས་ཡོངས་ཀྱི་དགྲ་ལྷ་སྟེ། །ལྷོ་ཕྱོགས་དུར་ཁྲོད་ཙཱ་རི་ཏྲའི། །གཤིན་རྗེའི་རྒྱལ་པོ་ཡུམ་དང་ནི། །གཤེད་བཞི་གཤིན་རྗེའི་ཕོ་ཉ་རྣམས། །དམ་ཉམས་གསོད་པའི་གཤན་པར་བསྔགས། །ཕབ་༧་བརྡུང་། ཀྱཻ༏ རྒྱལ་པོ་སྐུ་ལྔ་ཡུམ་ཆེན་ལྔ། །བློན་པོ་ལྔ་དང་སྤྲུལ་པ་ལྔ། །ལས་མཁན་གནོད་སྦྱིན་ཙེ་མ་ར། །འཁོར་གྱི་རུ་འདྲེན་སྡེ་བཞིར་བཅས། ༧ །སྒྲོལ་གིང་ཆེན་པོར་བྱིན་གྱིས་བརླབས། །དྲེགས་པའི་སྡེ་དཔོན་སུམ་ཅུ་དང༌། །དྲེགས་པ་བཅོ་བརྒྱད་བཀའ་ལ་ཉན། །རོ་ལངས་བརྒྱ་དང་ནག་པོ་སྟོང༌། ༧ །ཤ་ཟ་འབུམ་དང་མ་མོའི་སྡེ། །ས་ཡ་གནོད་སྦྱིན་ཁྲི་དང་ནི། །གཙང་རིས་མགོན་པོ་བདུན་ཅུ་ལྔ། །ཕོ་ཉ་དྲུག་ཅུ་རྩ་བཞི་དང༌། ༧་བར །འཇིགས་བྱེད་དགུ་དང་སྲིང་མོ་བཞི། །མ་མོ་ཆེན་མོ་བདུན་རྣམས་དང༌། །འབར་མ་བརྒྱད་རྣམས་བཀའ་སྡོད་ལགས། །བསེ་མཁར་གནས་པའི་མ་རུ་རྩེ། །བེག་རྩེ་མིང་སྲིང་གཤན་པས་བསྐོར། །ཤཱནྟ་པུ་རིར་གནས་པ་ཡི། །ཚོགས་བདག་གླང་པོའི་གདོང་པ་ཅན། །སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས། །མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་གཙོ། །དེ་ཝི་ཀོ་ཊི་ལ་དགའ་བའི། །སྙོན་ཁའི་རྗེ་བཙན་བཙན་རྒོད་ཆེ། །ཇག་པ་མེ་ལེན་ལ་སོགས་པ། །ཕྱི་ནང་གསང་བ་སྦས་པ་དང༌། །བསྟན་སྲུང་དྲག་པོ་སྔགས་དང་ནི། །རྟགས་ཤིང་ཆགས་དང་ལས་བྱེད་པའི། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འཁོར། །དེ་ལྟའི་ཆོས་སྐྱོང་ཆེན་པོ་ཁྱོད། །སྤྲུལ་པ་ཡང་སྤྲུལ་ལས་མཁན་བཅས། །རྡོ་རྗེའི་གདན་དུ་རྟག་པར་གནས། །བསིལ་བའི་ཚལ་དུ་ཕོ་བྲང་བཏབ། །དུར་ཁྲོད་ཆེན་པོ་བརྒྱད་དུ་རོལ། །ཉི་ཤུ་རྩ་བཞིའི་ཞིང་ན་དགྱེས། །འཇིག་རྟེན་ཁམས་རྣམས་མཚན་མོ་ཉུལ། །ནང་པ་རྣམས་ཀྱི་དགྲ་ལྷ་སྟེ། །ཕྱི་པ་རྣམས་ཀྱི་གཤེད་མ་ཡིན། །དམ་པའི་གཙུག་ལག་མ་ལུས་སྐྱོང༌། །དམ་ཚིག་ཅན་གྱི་སླད་བཞིན་འབྲང༌། །མནའ་ཟན་ཀུན་གྱི་སྲོག་དབུགས་འགམ། །ཞིང་བཅུ་ཚང་བའི་སྙིང་ཁྲག་འཇིབ། །ནག་པོའི་ཕྱོགས་རྣམས་རླག་པར་བྱེད། །ཕས་ཀྱི་བརྩམས་པའི་ལས་རྣམས་འཇོམས། །དམ་ཅན་རྒྱ་མཚོ་ཁྱེད་ཐམས་ཅད། །དད་པ་དང་ནི་དམ་ཚིག་གིས། །མཐུན་པའི་རྫས་ལ་སྤྱན་འདྲེན་གྱིས། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །༧་བརྡུང་ནས་ཕབ་བཞག་རོལ་བྱའོ། །ཀྱཻ༏ མཐོ་བ་སྲིད་པའི་རྩེ་མོ་ནས། །དམའ་བ་མནར་མེད་ལྕགས་ཀྱི་གཞིའི། །བར་དུ་གནས་པ་འབྱོན་འོས་ཤིང༌། །ཁོམ་པ་མིང་དུ་མ་འཚལ་བ། །ཐམས་ཅད་ཀྱང་ནི་འབོད་ལགས་སོ། བར །ས་བདག་རྗེ་བློན་བཅུ་བཞི་དང༌། །ལོ་ཟླ་ཞག་ཚེས་དུས་དག་ལ། །ཕན་གནོད་དབང་བྱེད་ཐམས་ཅད་དང༌། །པུར་རྒྱལ་བོད་ཀྱི་རྒྱལ་ཁམས་ཀྱི། །སྲིད་པའི་ལྷ་རབས་མཆེད་དགུ་དང༌། །རྗེ་ཡི་མགུར་ལྷ་བཅུ་གསུམ་དང༌། །འབངས་ཀྱི་སྲོག་ལྷ་བཅུ་གཉིས་སོགས། །ལྷ་སྲིན་གཉན་པོ་ཐམས་ཅད་དང༌། །དཔལ་གྱི་ལྷ་ས་བསམ་ཡས་སོགས། །ཆོས་གཞི་ཇི་སྙེད་སྐྱོང་རྣམས་དང༌། །ཁྱད་པར་གང་བ་བཟང་པོ་དང༌། །མི་སྔོན་རྟ་སྔོན་སྒོ་བདུད་པ། །ཇོ་བོ་རྩེ་བོ་རག་མའི་བཙན། །དེ་དག་ལ་སོགས་བཀའ་བརྒྱུད་ཀྱི། །གདན་ས་དབེན་གནས་སྲུང་རྣམས་དང༌། །ཁྱད་པར་ཡུལ་ཁམས་འདི་ཉིད་ཀྱི། །ཡུལ་ལྷ་གཞི་བདག་ཐམས་ཅད་དང༌། །ཕོ་ལྷ་དགྲ་ལྷ་ཞང་ལྷ་དང༌། །ནོར་ལྷ་ཡུལ་ལྷ་ལ་སོགས་པའི། །མགོན་སྐྱབས་སྟོངས་གྲོགས་བྱེད་པའི་ལྷ། །ཐམས་ཅད་མ་ལུས་འདིར་གཤེགས་ཤིག །ཀྱཻ༏ པདྨ་རཱ་གའི་སྣམ་བུའི་སྟེང༌། །རིན་ཆེན་རྣམ་པ་ལྔ་བརྩིགས་པ། །ཕྱི་ནང་ཐམས་ཅད་ས་ལེ་བ། །འཛམ་བུ་གསེར་གྱི་བ་གམ་བསྐོར། །གཡུ་ཡི་གདུང་ནས་མུ་ཏིག་གི། །དྲྭ་བ་དྲྭ་ཕྱེད་མཛེས་པར་སྦྲེལ། །ཕྱི་རོལ་འཕྱང་བའི་མར་གད་ཀྱི། །བྱ་འདབ་དངུལ་གྱི་ཤར་བུས་བརྒྱན། །སྟེང་དུ་ཟླ་ཤེལ་པུ་ཤུ་ལ། །གདུགས་དང་རྒྱལ་མཚན་བ་དན་སོགས། །མཛེས་པའི་རྒྱན་ཆ་ཀུན་གྱིས་སྤྲས། །རྒྱ་ཕུབས་འཕར་མ་བདུན་བརྩེགས་ལ། །ཕྲ་མ་ཁོད་སྙོམས་བར་དུ་སྣང༌། །ཕྱི་ནང་ལོགས་ནི་དབང་པོའི་གཞུས། །ཅི་དགུ་རི་མོའི་གཟུགས་སུ་བྲིས། །མཐིལ་ནི་གསེར་གྱི་མིག་མངས་རིས། །བཻ་ཌཱུརྻ་ཡི་མཐིང་ཞལ་ཅན། །ནོར་བུའི་བླ་བྲེ་ཕུབ་པའི་འོག །རིན་ཆེན་ཁྲི་གདན་ཡིད་འོང་ལ། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་དང༌། །ཞི་བའི་ལས་ལ་དགྱེས་རྣམས་བཞུགས། །ཀྱཻ༏ གྲུ་གསུམ་མཐིང་ནག་འབར་བའི་ཀློང༌། །མ་ཏྲཾ་རུ་ཏྲ་བསྒྲལ་བའི་གཞིར། །གནམ་ལྕགས་ཞུན་དང་ཁྲག་ཞག་གིས། །ཐོད་པ་སྐམ་རློན་བརྩེགས་པའི་མཁར། །སྟེང་དུ་ཞིང་གི་ཐོག་ཕུབ་པ། །ལོགས་སུ་རྒྱུ་རློན་མཁལ་མ་སྙིང༌། །ནང་ཁྲོལ་མགོ་བོའི་ཕྲེང་བས་བརྒྱན། །ཁྲག་ཞག་ཀླད་པ་འཁྲུག་པའི་མཚོ། །བམ་ཆེན་ཀེང་རུས་བརྩིགས་པའི་ཁྲིར། །མགོན་པོ་ཡོན་ཏན་མགྲོན་ལ་སོགས། །མངོན་སྤྱོད་ལས་ལ་དགྱེས་རྣམས་བཞུགས། །ཀྱཻ༏ བྱིན་རླབས་རྩ་བ་བླ་མ་དང༌། །དངོས་གྲུབ་འབྱུང་བའི་ཡི་དམ་ལྷ། །ཕྲིན་ལས་མཛད་པའི་མཁའ་འགྲོ་དང༌། །བར་ཆད་སྲུང་བའི་དམ་ཅན་དང༌། །མགོན་སྐྱབས་སྟོངས་གྲོགས་བྱེད་པའི་ལྷ། །བསྟོད་འོས་ཀུན་ལ་ཕྱག་བགྱིའོ། །

ཁྲུས་གསོལ་ནི། ཀྱཻ༏ འཇིག་རྟེན་པ་དང་མཐུན་འཇུག་ཕྱིར། །བྱིན་གྱིས་བརླབས་པ་སྤོས་ཀྱི་ཆུ། །དཀར་སྣ་འོ་མ་དམར་སྣའི་ཁྲག །སྐུ་གསུང་ཐུགས་ལ་ཁྲུས་སུ་འབུལ། །བུམ་སྒྲུབ་ནི། བུམ་པ་སྔགས་ཀྱི་ཡིག་འབྲུས་གང་བར་འགྱུར། ཨོཾ་ཡེ་དྷརྨྨཱ་སོགས་ལན་བདུན་ལས་མི་ཉུང་བར་བཟླས་ལ། ཡིག་འབྲུ་འོད་དུ་ཞུ་ནས་བུམ་པའི་ཆུར་གྱུར། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་སྤྱན་དྲངས་དེ་རྣམས་ཀྱིས་བུམ་པའི་ཆུས་ཁྲུས་མཛད། བཀྲ་ཤིས་ཀྱི་གླུ་དང་སྣ་ཚོགས་པའི་རོལ་མོའི་སྒྲ་ལ་སོགས་པས་མཆོད་པར་འགྱུར། ༈ ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང༌། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །མི་ལྡོག་པ་ཡི་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་གྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་གཏི་མུག་སྦྱོང་བྱེད་པ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་སྐུ་ཡིས་ཁྲུས་གསོལ་ལོ། །ཨོཾ་སརྦ༴ ཚོར་བའི་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཡོན་ཏན་ཁྲུས་གསོལ་ལོ། །ཨོཾ་སརྦ༴ །འདུ་ཤེས་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པ། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱི། །དཔལ་ལྡན་གསུང་གི་ཁྲུས་གསོལ་ལོ། །ཨོཾ་སརྦ༴ །འདུ་བྱེད་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པ། །བྱ་བ་ནན་ཏན་ཡེ་ཤེས་ཀྱི། །དཔལ་ལྡན་འཕྲིན་ལས་ཁྲུས་གསོལ་ལོ། །ཨོཾ་སརྦ༴ །རྣམ་ཤེས་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །དཔལ་ལྡན་ཐུགས་ཀྱི་ཁྲུས་གསོལ་ལོ། །ཨོཾ་སརྦ༴ །སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པ་མཛད་པའི་གང་ཟག་ལ། །བར་ཆད་སྲུང་ཞིང་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ལ་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ༴ །མཐོ་བ་སྲིད་པའི་རྩེ་མོ་ནས། །དམའ་བ་མནར་མེད་ལྕགས་ཀྱི་གཞིའི། །བར་དུ་གནས་པ་ཐམས་ཅད་ལ། །གྲིབ་གསལ་དམ་པས་ཁྲུས་གསོལ་ལོ། །ཨོཾ་སརྦ༴ །གདེང་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་འཇོམས་མཛད་ཅིང༌། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཁྲུས་གསོལ་ལོ། །ཨོཾ་སརྦ༴ །ཚེ་རིང་མཆེད་ལྔ་བསྟན་སྐྱོངས་བཅས། །གངས་ཅན་གནས་པ་ཐམས་ཅད་དང༌། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་གཞི་བདག་རྣམས་ལ་ཁྲུས་གསོལ་ལོ། །ཨོཾ་སརྦ༴ །ཇི་ལྟར་དམ་པ་ཏོག་དཀར་དགའ་ལྡན་ནས། །ལྷ་མཛེས་ལྷུམས་ནས་བལྟམས་ཏེ་ཁྲུས་གསོལ་ལྟར། །སྐུ་གདུང་རིང་བསྲེལ་དྲི་མ་མེད་པར་བཅས། །སྤྲུལ་སྐུ་ཡིད་འོང་རྣམས་ལ་ཁྲུས་གསོལ་ལོ། །ཨོཾ་སརྦ༴ །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུཾ་ཏྲཾ་ཧྲཱིཿཨཱཿཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བི་ཤོ་དྷ་ན་ཡེ་སྭཱཧཱ། ཉེས་ལྟུང་དྲི་མས་མ་གོས་ཤིང༌། །རླབས་ཆེན་སྤྱོད་པ་རྫོགས་པ་དང༌། །ཧེ་རུ་ཀ་དང་མཉམ་པ་ཡི། །གོ་འཕང་ཚེ་འདིར་ཐོབ་པར་ཤོག །ཨོཾ་ཡེ་དྷརྨྨཱ་སོགས་ལན་གསུམ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། ལན་གསུམ་གྱིས་མེ་ཏོག་འཐོར། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་འཁྲུལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །

མཆོད་པ་ནི། ཀྱཻ༏ དབྱིབས་མཛེས་མདངས་མཚར་མནྡ་ར། །དབུ་ལ་བཅིང་པའི་ཐོད་དུ་བཤམས། །ཙན་དན་སྤོས་དཀར་ཨ་ཀ་རུ། །ནག་པོ་བསྲེགས་པ་སྣོམ་པར་སྦྱར། །བརྒྱ་བྱིན་ཐོགས་པའི་ནོར་བུའི་བྱིན། །མུན་སེལ་མར་མེ་གཟིགས་མོར་ཆེ། །བསམ་གཏན་ལྷ་ཡི་དག་བྱེད་ཆབ། །ཐུགས་ལ་སིམ་པ་སྐྱེད་པའི་སྐྱེམས། །རོ་བརྒྱ་ལྡན་པ་མཐོ་རིས་ཟས། །ལྗགས་ཀྱིས་མྱང་བའི་དཔལ་དུ་ལྷགས། །རྔ་སིལ་གླིང་བུ་པི་ཝང་གི། །སྒྲ་སྙན་གླུ་བཅས་སྙན་ལ་འཇེབས། །གཟུགས་སྒྲ་དྲི་རོ་རེག་བྱ་མའི། །ལྷ་མོ་བཞིན་མཛེས་གར་གྱིས་རོལ། །འཁོར་ལོ་ནོར་བུ་རྟ་གླང་བློན། །བཙུན་མོ་དམག་དཔོན་མདུན་དུ་འགྱིང༌། །བཀྲ་ཤིས་རྫས་ཐོགས་བུ་མོ་བརྒྱད། །སྒེག་ཅིང་སྙེམས་པས་ལང་ཚོ་ངོམ། །རྒྱལ་མཚན་བ་དན་གདུགས་ལྷབ་ལྷུབ། །འཕྱར་དར་རླུང་གཡོབ་ཕྱེ་ཕུར་རྣམས། །མཆོད་པའི་སྤྲིན་དུ་དེ་རིང་འབུལ། །བདག་གི་བསམ་དོན་འགྲུབ་པར་ཤོག །ཕབ་༤་བརྡུང། རྐང་། ཀྱཻ༏ སྒྱུ་འཕྲུལ་སྣ་ཚོགས་གཟུགས་བརྙན་ལ། །སྐུ་ཡི་རྡོ་རྗེ་ཞེས་སུ་བཏགས། །གཞོམ་མེད་སྐད་ནི་ཐམས་ཅད་པ། །གསུང་གི་རྡོ་རྗེ་ཉིད་དུ་གཞག །ལྷན་སྐྱེས་རྣམ་པ་མ་ལུས་པ། །ཐུགས་ཀྱི་རྡོ་རྗེར་འཚལ་བའི་ཕྱིར། །དེ་ནི་འགྲོ་བའི་ཁམས་རྗེས་འབྲང༌། །ནམ་མཁའི་ཕ་མཐས་མཚོན་པ་ཙམ། །གཞན་པས་གསང་བ་བསྙད་མི་བཟོད། །དེ་ཕྱིར་བསམ་མི་ཁྱབ་པ་ཉིད། །མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །ཆོས་རྣམས་ཀུན་གྱི་རང་བཞིན་ཏེ། །རང་གི་སེམས་དང་གཉིས་མིན་པར། །བཞུགས་ཀྱང་དམན་པས་མ་རྙེད་པར། །བླ་མ་དཀོན་མཆོག་ཡི་དམ་དང༌། །མཁའ་འགྲོ་མ་དང་ཆོས་སྐྱོང་ཆེ། །འཇིག་རྟེན་པ་ཞེས་རིགས་སུ་འབྱེད། །བློ་གྲོས་ཆེན་པོ་དེ་དག་ནི། །གཅིག་དང་ཐ་དད་གར་མི་འཛིན། །བསྟོད་བྱ་སྟོད་བྱེད་བསྟོད་པ་རྣམས། །ཇི་ལྟར་ཆུ་ལ་ཆུ་བཞག་ལྟར། །རང་གི་རིག་པའི་ཡེ་ཤེས་ལས། །བསྟོད་པའི་དམ་པ་གང་ན་མཆིས། །འོན་ཀྱང་མ་བརྟགས་ཉམས་དགའ་བའི། །ཀུན་རྫོབ་ཙམ་དུ་བདག་གིས་ནི། །མི་མཐུན་རྐྱེན་རྣམས་འཇོམས་པ་དང༌། །ནད་སེལ་གདོན་རླག་སྡིག་པ་ཞི། །སྒྲིབ་སྦྱོང་བྱེད་ལ་མཐུ་སྟོབས་ནི། །འཆི་མེད་བདུད་རྩིའི་ཕུང་པོ་འདྲ། །གང་གི་ཚེ་དཔལ་བསོད་ནམས་དང༌། །སྟོབས་དང་མངའ་ཐང་ཇི་སྙེད་པ། །ཆེས་ཆེར་རྒྱས་པར་མཛད་པ་ལ། །ཡིད་བཞིན་ནོར་བུའི་རྒྱལ་པོ་ཡིན། །སྲིད་པའི་ཁམས་ཀྱི་དབང་པོ་ཆེ། །སྐྱེས་པ་བུད་མེད་ལོངས་སྤྱོད་དང༌། །ཁ་ཟས་ཡིད་འོང་ཐམས་ཅད་ནི། །འགུགས་པའི་ལྕགས་ཀྱུ་བྱེད་པར་མཐོང༌། །བསྟན་པ་འཇིག་བྱེད་དགྲ་བགེགས་རྣམས། །བསད་དབྱེ་བསྐྲད་མནན་བཅིང་དང་རེངས། །མངོན་སྤྱོད་དྲག་པོའི་ལས་རྣམས་ལ། །རྣོ་བའི་རལ་གྲི་ལགས་པར་འཁུམས། །དེ་དག་ཆ་ཤས་ཙམ་ཞིག་སྟེ། །གཞན་དུ་ཡོན་ཏན་ཀུན་བརྗོད་ན། །སྲིད་པ་ཉིད་དུའང་མི་ཟད་པས། །ཟབ་དང་ཤིན་ཏུ་རྒྱ་ཆེའོ། །ཕབ་༢བརྡུང༌། ཀྱཻ༏ སངས་རྒྱས་རྐང་གཉིས་གཙོ་བོ་བདེན་པའི་མཆོག །དམ་ཆོས་འདོད་ཆགས་བྲལ་བ་བདེན་པའི་མཆོག ༢ །དགེ་འདུན་ཚོགས་ཀྱི་ཞིང་སྟེ་བདེན་པའི་མཆོག །བདེན་པའི་མཆོག་ནི་རྣམ་གསུམ་ནུས་མཐུ་ཡིས། ༢ །དག་བྱེད་བསང་དང་གསེར་སྐྱེམས་གཏོར་མ་དང༌། །དགྱེས་པའི་བརྔན་ནི་མགྲོན་རྣམས་ཐམས་ཅད་ལ། །རང་རང་འདོད་པ་བཞིན་དུ་འབྱུང་གྱུར་ཅིག །༢་རྐྱང་ནས་༤་རྐྱང་ལེན། ཀྱཻ༏ དཀྱིལ་འཁོར་བཞི་ཡི་ནང་ཞུགས་ནས། །གནས་སྐབས་བཞི་ཡི་སྒྲིབ་གཏོར་བྱེད། །དགའ་བཞིའི་ཡེ་ཤེས་བླུགས་པ་ལས། །ལྷག་པའི་དག་བྱེད་ག་ལ་དགོས། །འོན་ཀྱང་ནམ་མཁའ་དབྱིངས་ཕྱུག་མ། །ས་ཁམས་སངས་རྒྱས་སྤྱན་མ་སྟེ། །ཆུ་ཁམས་རྡོ་རྗེ་མཱ་མ་ཀི། །མེ་ཁམས་རྡོ་རྗེ་གོས་དཀར་མོ། །རླུང་ཁམས་དམ་ཚིག་སྒྲོལ་མ་སྟེ། །ཡུམ་ལྔ་འདུས་ནས་བྱིན་བརླབས་པས། །ཡུལ་ཞིག་ཆགས་པ་སྨན་གྱི་ཡུལ། །གྲོང་ཞིག་ཆགས་པ་བལྟ་ན་སྡུག །རི་ཞིག་ཆགས་པ་སྨན་གྱི་རི། །འཆི་མེད་བདུད་རྩིའི་སྙིང་པོ་འཁྲུངས། །དེ་དག་གྲིབ་སེལ་བསངས་སུ་བྱས། །དྲི་ཞིམ་ངད་པས་ནད་ཀྱི་རིགས། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སེལ། །མེ་ལྕེ་འོད་དུ་འབར་བ་ཡིས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འཇོམས། །དུད་པ་མཁའ་ལ་ཆགས་པ་ཡིས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་མཚོན། །རོལ་ཕབ་བཅད་བཞག །ཀྱཻ༏ སྔོན་གྱི་བསྐལ་པའི་དང་པོ་ལ། །སྲིད་པའི་མེས་པོ་ཚངས་པ་དེས། །དག་བྱེད་འབར་བའི་མེ་ལ་བྱས། །འདོད་དགུ་ཐམས་ཅད་དེ་ལས་བྱུང༌། །དེ་ནས་བར་གྱི་བསྐལ་པ་ལ། །དཔལ་གྱི་བསམ་ཡས་བཞེངས་པའི་ཚེ། །ལྷ་སྲིན་གཉན་པོ་རྒྱུད་འཁྲུགས་ནས། །ཉིན་མོ་བརྩིགས་པ་ནུབ་མོ་བཤིག །དགེ་བའི་ལས་བརྩམས་མཐར་མ་ཕྱིན། །དེ་དུས་གདུག་པ་འདུལ་སླད་དུ། །རྗེ་བློན་འབངས་རྣམས་གྲོས་བྱས་ནས། །རྒྱལ་སྲས་པདྨ་སྤྱན་དྲངས་བྱོན། །སློབ་དཔོན་ཆེན་པོ་ཐབས་མཁས་པས། །བསངས་དང་གསེར་སྐྱེམས་གཏོར་མ་དང༌། །དགྱེས་པའི་བརྔན་ནི་ཅི་ཡང་མཛད། །ཕལ་ཆེར་དེ་ཡིས་གནོད་སེམས་ཞི། །ཧ་ཅང་མི་བསྲུན་ནུས་པས་བཏུལ། །ཀྱཻ༏ ད་ལྟ་བསྐལ་པའི་མཐའ་མ་ལ། །ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི། །འཁོན་འཛིན་ཕྲག་དོག་སེལ་བའི་ཐབས། །གཙང་བཙོག་ངན་པ་སེལ་བའི་ཐབས། །རྐྱེན་ངན་བར་ཆད་སེལ་བའི་ཐབས། །སྲུང་མ་ལས་ལ་བསྐུལ་བའི་ཐབས། །ཁང་ཁྱིམ་མི་གཙང་སེལ་བའི་ཐབས། །ཚེ་སྲོག་སྲ་ཞིང་བརྟན་པའི་ཐབས། །གཟའ་སྐར་ངན་པ་སེལ་བའི་ཐབས། །གཞི་དང་གནས་ལ་སྡོད་པའི་ཚེ། །མཐུན་རྐྱེན་འབྱོར་བ་སྤེལ་བའི་ཐབས། །ཐག་རིང་བྱེས་སུ་འགྲོ་བའི་ཚེ། །དོན་རྣམས་ཐམས་ཅད་འགྲུབ་པའི་ཐབས། །དེ་རིང་བསངས་ཀྱི་མཆོད་པ་འབུལ། །རོལ་ཕབ་བཞག་རོལ་བྱ། རྐང༌། ཀྱཻ༏ བདུད་རྩི་ཅན་ཤིང་དུད་པས་བསངས། །གསེར་ལོ་འབར་བའི་སྟག་མས་བསངས། །གཡུ་ལོ་འབར་བའི་སྨྱུག་མས་བསངས། །དུང་ལོ་འབར་བའི་བ་ལུས་བསངས། །འཆོང་ལོ་འབར་བའི་སུ་ལུ་བསངས། བར །ཨ་ཤུ་ཤུག་པའི་དུད་པས་བསངས། །དྲི་བཟང་སྤོས་དཀར་དུད་པས་བསངས། །ཨ་རུ་ར་ཡི་དུད་པས་བསངས། །མ་ནུ་རུ་རྟའི་དུད་པས་བསངས། །སྤོས་མེ་དྲི་ཞིམ་དུད་པས་བསངས། །ནམ་མཁའི་སྙིང་པོ་གཡུ་ཡིས་བསངས། །རི་རབ་སྙིང་པོ་མཆོང་གིས་བསངས། །རྒྱ་མཚོའི་སྙིང་པོ་དུང་གིས་བསངས། །ས་ཡི་སྙིང་པོ་གསེར་གྱིས་བསངས། །ཤིང་ཐོག་སྙིང་པོ་མངར་གྱིས་བསངས། །འབྲུ་ཡི་སྙིང་པོ་ཆང་གིས་བསངས། །ཕུར་མོ་གླ་རྩི་ཚེར་ཤིང་དང༌། །ཕྱེ་མར་འོ་སྐོམ་དྲི་བཟང་དང༌། །སྤོས་དང་ཤ་ཆང་ཕུད་ཀྱིས་བསངས། །ཕབ་༤བརྡུང༌། རྐང༌། ཀྱཻ༏ དྲིན་ཅན་རྩ་བའི་བླ་མ་ནས། །རྡོ་རྗེ་འཆང་ལ་ཐུག་གི་བར། །བདེ་གཤེགས་སྤྲུལ་པ་འབའ་ཞིག་པའི། །བརྒྱུད་པ་བཞི་ལྡན་བླ་མ་བསངས། ༤་རྐང་ །བདེ་དགྱེས་དུས་འཁོར་གསང་འདུས་སོགས། །བླ་མེད་རྣལ་འབྱོར་སྤྱོད་པ་དང༌། །བྱ་བའི་རྒྱུད་ལས་གསུངས་པ་ཡི། །ཡི་དམ་ལྷ་ཚོགས་ཐམས་ཅད་བསངས། ༤རྐང་ འཇམ་དཔལ་པདྨ་ཡང་དག་དང༌། །བདུད་རྩི་ཕུར་པ་མ་མོ་དང༌། །འཇིག་རྟེན་དམོད་པ་དྲག་སྔགས་ཏེ། །སྒྲུབ་པ་ཆེན་པོ་བཀའ་བརྒྱད་བསངས། ༤་རྐང་ །ཞི་བ་བཞི་བཅུ་རྩ་གཉིས་དང༌། །ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་སོགས། །ཐེག་པ་རིམ་དགུར་བཤད་པ་ཡི། །གསང་སྔགས་རྙིང་མའི་ལྷ་ཀུན་བསངས། ༤་བར །ཕྱི་ནང་གསང་བ་དེ་ཁོ་ནའི། །གནས་གསུམ་སྤྱོད་པའི་ཌཱ་ཀི་མ། །ཚོགས་ཀྱི་མཆོག་རྣམས་ཐམས་ཅད་བསངས། །བྱ་རོག་མིང་ཅན་ཡབ་ཡུམ་དང༌། །གསང་བའི་བུ་བཞི་ལས་མཛད་གསུམ། །གདོང་ཅན་བརྒྱད་དང་རོ་ལངས་བརྒྱ། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་ས་ཡ་གནོད་སྦྱིན་ཁྲི། །རྒྱལ་པོ་བཞི་དང་ཕྱོགས་སྐྱོང་བཅུ། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གནོད་སྦྱིན་བརྒྱད་དང་གཟའ་ཆེན་བརྒྱད། །རྒྱུ་སྐར་ཉེར་བརྒྱད་འཇིགས་བྱེད་དགུ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་དྲུག་ཅུ་རྩ་བཞི་བསངས། ༤ །དཔལ་ལྡན་ལྷ་མོ་དུད་སོལ་མ། །འགུགས་བྱེད་གསོད་བྱེད་སྒྲོལ་བྱེད་དང༌། །མཁའ་འགྲོ་བཞི་དང་ཕྲ་མེན་བརྒྱད། །མཁའ་འགྲོ་དྲུག་སོགས་སྲིད་པ་ཡི། །འཇིགས་བྱེད་མ་མོའི་ཚོགས་རྣམས་བསངས། །ལེགས་ལྡན་གྲི་གུག་ཏྲཀྴད་དང༌། །བེང་དང་མ་ནིང་གུར་ཞལ་དང༌། །ཕྱག་དྲུག་རྟ་མེད་རྗེ་བཙན་དང༌། །སེང་གེ་སྟག་ཞོན་བེར་ནག་གྱོན། །སྲོག་ཏིག་མགོན་པོ་རིགས་ལྔ་བསངས། ༤ །སེང་གདོང་ཡབ་ཡུམ་བམ་རོ་གཉིས། །སྡེ་བརྒྱད་བདུད་དམག་སྟོང་སྡེ་བསངས། །ཁྱབ་འཇུག་ཀླུ་སྲིན་གདོང་མོ་བཞི། །ཕྱི་ནང་གསང་བའི་གཟའ་སྐར་བསངས། །དཔལ་ལྡན་རྒྱལ་པོ་ངལ་བསོས་བུ། །ནོར་རྒྱུན་མ་དང་རྟ་བདག་བརྒྱད། །ཡུམ་བཅས་གོས་སྔོན་ཅན་རྣམས་བསངས། །དམ་ཅན་གཤིན་རྗེའི་རྒྱལ་པོ་དང༌། །ཙ་མུནྜི་དང་གཤེད་པོ་བཞི། །འཆི་བདག་བདུད་ཀྱི་ཕོ་ཉ་བསངས། ༤ །ཆོས་ཀྱི་རྒྱལ་པོ་སྐུ་ལྔ་དང༌། །ཡུམ་བློན་སྤྲུལ་ལྔ་རྩེ་མ་ར། །རུ་འདྲེན་བཅས་པ་ཐམས་ཅད་བསངས། །གཞན་ཡང་སྡེ་དཔོན་སུམ་ཅུ་དང༌། །དྲེགས་པ་བཅོ་བརྒྱད་བེག་ཙེ་དང༌། །ཚོགས་བདག་རྡོ་ལེགས་སྙོན་ཁ་དང༌། །ཇག་པ་མེ་ལེན་ལ་སོགས་པའི། །ཕོ་རྒྱུད་ཆོས་སྐྱོང་སྲུང་མ་བསངས། ༤ །དུང་སྐྱོང་རེ་ཏི་མཆེད་བཞི་དང༌། །དམག་ཟོར་མ་དང་རང་བྱུང་རྒྱལ། །ཇོ་མོ་བཀྲ་ཤིས་ཚེ་རིང་མཆེད། །རྡོ་རྗེ་གཡུ་སྒྲོན་དཔལ་ལྷ་དང༌། །དུར་ཁྲོད་བདག་མོ་དཔལ་ལྡན་མ། །བོད་སྐྱོང་བརྟན་མ་བཅུ་གཉིས་སོགས། །སྲུང་མ་མོ་རྒྱུད་ཐམས་ཅད་བསངས། །ཕྱི་ནང་གསང་སྦས་བསྟན་སྲུང་དང༌། །དྲག་པོ་སྔགས་ཆགས་ལས་བྱེད་པའི། །ལྷ་སྲིན་གཉན་པོ་ཐམས་ཅད་བསངས། །མིང་དུ་མ་འཚལ་མགྲོན་ཀུན་དང༌། །ཕན་གནོད་དབང་བྱེད་ས་བདག་དང༌། །སྲིད་ལྷ་མགུར་ལྷ་སྲོག་ལྷ་སོགས། །བོད་ཀྱི་གཞི་བདག་ཐམས་ཅད་བསངས། །གང་བཟང་མི་སྔོན་རྟ་སྔོན་དང༌། །སྒོ་བདུད་ཇོ་བོ་རྩེ་བོ་སོགས། །ཆོས་གཞི་དབེན་གནས་སྲུང་རྣམས་བསངས། །ཕབ་བཅད་བཞག །ཀྱཻ༏ རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །འགོ་ཞིང་སྟོང་གྲོགས་བྱེད་པ་ཡི། །དགྲ་ལྷ་གཉན་པོ་ཐམས་ཅད་བསངས། །མི་ལ་འགོ་བའི་དགྲ་ལྷ་བསངས། །སྲིད་པའི་ལྷ་ལུང་དཀར་པོ་བསངས། །སྲིད་པའི་རྫི་ལུང་འཕྱོ་བ་བསངས། །འོད་ཟེར་མེ་སྟག་འཕྲོ་བ་བསངས། །སྲིད་པ་ཆགས་པའི་དགྲ་ལྷ་བསངས། །སྨོན་པ་འགྲུབ་པའི་དགྲ་ལྷ་བསངས། །གླེང་གཞི་འགྲུབ་པའི་དགྲ་ལྷ་བསངས། །དཔའ་སྙིང་ཆེ་བའི་དགྲ་ལྷ་བསངས། །མྱུར་ཞིང་མགྱོགས་པའི་དགྲ་ལྷ་བསངས། །འགོ་བའི་དགྲ་ལྷ་སྤུན་གསུམ་བསངས། །མི་ཐུབ་དགྲ་ལྷ་སྤུན་གསུམ་བསངས། །ལྟ་བ་མིག་རྣོའི་དགྲ་ལྷ་བསངས། །ཉན་པ་རྣ་གསང་དགྲ་ལྷ་བསངས། །སྣོམ་པ་སྣ་ཡི་དགྲ་ལྷ་བསངས། །སྨྲ་བ་ལྕེ་མགྱོགས་དགྲ་ལྷ་བསངས། །དཔའ་རྩལ་ཆེ་བའི་དགྲ་ལྷ་བསངས། །མགྱོགས་པ་རྟ་ཡི་དགྲ་ལྷ་བསངས། །སྲ་བ་བེར་གྱི་དགྲ་ལྷ་བསངས། །བཙན་པ་ཁྲབ་ཀྱི་དགྲ་ལྷ་བསངས། །རྣོ་བ་མཚོན་གྱི་དགྲ་ལྷ་བསངས། །སྟག་གདོང་ཁྲ་བོའི་ནང་ཤེད་ན། །སྒྲོ་སྨྱུག་འཛོམ་པའི་དགྲ་ལྷ་བསངས། །གཟིགས་ཤུབས་ཐིག་ལེའི་ནང་གནས་པའི། །རྭ་ཤིང་འཛོམ་པའི་དགྲ་ལྷ་བསངས། །ཁ་འཛིན་ཤགས་འདེབས་དགྲ་ལྷ་བསངས། །འགོ་བའི་ལྷ་ལྔ་ཐམས་ཅད་བསངས། །སྐྱོབ་པའི་ལྷ་དགུ་ཐམས་ཅད་བསངས། །བར་ལྷ་རི་བོ་གཉན་པོ་བསངས། །ཁྱིམ་གྱི་ཁྱིམ་ལྷ་གེལ་ཐུང་བསངས། །ནོར་བདག་ཛམ་ལྷ་འཁོར་བཅས་བསངས། །མཁར་གྱི་རྩེ་ལྷ་གཉན་པོ་བསངས། །ཐབ་ལྷ་དེ་ནི་ཡུ་མོ་བསངས། །ཐབ་སྨན་དེ་ནི་དཀར་མོ་བསངས། །ཞིང་ལྷ་དེ་ནི་གཉན་མཆོད་བསངས། །ཕྱུགས་ཀྱི་ནོར་ལྷ་གཉན་པོ་བསངས། །སྒོ་ཡི་སྒོ་ལྷ་སྟག་གཡག་བསངས། །ལམ་ལྷ་དེ་ནི་མགྲོན་བུ་བསངས། །ལམ་དང་བྱེས་ཀྱི་ལྷ་གཉན་བསངས། །འགྲོ་ཡང་ཅང་ཤེས་གཉན་པོ་བསངས། །ཚོང་ལྷ་འཕྲུལ་དགུ་ཐམས་ཅད་བསངས། །ཕྱི་རབས་རྒྱུད་ཀྱི་དགྲ་ལྷ་བསངས། །དམུ་རབས་རྒྱུད་ཀྱི་སྲུང་མ་བསངས། །གཙུག་རབས་རྒྱུད་ཀྱི་སྲུང་མ་བསངས། །སྟེང་གི་དགྲ་ལྷ་དམུ་ཁྲི་བསངས། །ས་ཡི་དགྲ་ལྷ་མཚན་རྟགས་བསངས། །ཁ་ཟས་སྤྲོད་པའི་དགྲ་ལྷ་བསངས། །ལག་ནོར་སྤྲོད་པའི་དགྲ་ལྷ་བསངས། །ཕ་ཚན་ཡབ་ལྷ་གདལ་དྲུག་བསངས། །མ་ཚན་རྒྱལ་མོ་ཐིང་གི་བསངས། །གྲི་ཚན་ལྟག་ཚ་འལ་འོལ་བསངས། །བསངས་ཀྱིས་མི་བསངས་གང་ཡང་མེད། །མ་བསངས་པ་རྣམས་ཐམས་ཅད་བསངས། །མ་དག་པ་རྣམས་ཐམས་ཅད་དག །བསམ་པ་སྒྲུབ་ལ་རེ་བ་སྐོངས། །འདོད་དགུའི་ལོངས་སྤྱོད་རྒྱས་པར་མཛོད། །ཕབ་༣བརྡུང༌། རྐང༌། གསེར་སྐྱེམས་འབུལ་བ་ནི། ཀྱཻ༏ འབྲུ་སྣ་ཀུན་ལས་གྲུབ་པའི་ཆང༌། །རྩ་བརྒྱད་སྟོང་དང་གསེར་ཕྱེ་སྦྱར། ༣་རྐང༌། །མཐོ་རིས་བདུད་རྩི་ལས་ལྷག་པའི། །ཟག་པ་མེད་པའི་སྐྱེམས་སུ་འབུལ། ༣་ཁ་བརྡར། །བླ་མ་ཡི་དམ་མཁའ་འགྲོ་དང༌། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ། །རིན་ཆེན་གསེར་སྐྱེམས་འདི་འབུལ་ལོ། །བཞེས་ནས་འདོད་པའི་དངོས་གྲུབ་སྩོལ། ༣་ཁ་བརྡར །མ་ཧཱ་ཀཱ་ལ་མན་ཆད་ནས། །བདུད་མགོན་ཏྲཀྴད་ཡན་ཆད་ཀྱི། །ཕ་གཅིག་མགོན་པོ་ཐམས་ཅད་ལ། །རིན་ཆེན་གསེར་སྐྱེམས་འདི་འབུལ་ལོ། །བཞེས་ནས་དངོས་གྲུབ་རྣམ་གཉིས་སྩོལ། ༣་ཁ་བརྡར །སྲིད་གསུམ་བདག་མོ་མན་ཆད་ནས། །ནམ་གྲུ་མ་ནི་ཡན་ཆད་ཀྱི། །མ་གཅིག་ལྷ་མོ་ཐམས་ཅད་ལ། །རིན་ཆེན་གསེར་སྐྱེམས་འདི་འབུལ་ལོ། །བཞེས་ནས་ཕྲིན་ལས་བསྒྲུབ་ཏུ་གསོལ། ༣་ཁ་བརྡར །བྱ་རོག་གདོང་ཅན་མན་ཆད་ནས། །ལས་བྱེད་ལྷ་སྲིན་སྡེ་བརྒྱད་བར། །དམ་ཅན་ཆོས་སྐྱོང་ཐམས་ཅད་ལ། །རིན་ཆེན་གསེར་སྐྱེམས་འདི་འབུལ་ལོ། །བཞེས་ནས་འགལ་རྐྱེན་བར་ཆད་སོལ། ༣་ཁ་བརྡར །ཞིང་སྐྱོང་ཕོ་ཉ་མན་ཆད་ནས། །ཡུལ་ཕྱོགས་འདི་ཡི་ལྷ་ཡན་གྱི། །གནས་བདག་གཞི་བདག་ཐམས་ཅད་ལ། །རིན་ཆེན་གསེར་སྐྱེམས་འདི་འབུལ་ལོ། །བཞེས་ནས་རུ་ང་མ་མཛད་ཅིག ༣་ཁ་བརྡར །སྲིད་པའི་རྩེ་མོ་མན་ཆད་ནས། །མནར་མེད་ལྕགས་ཁང་ཡན་ཆད་ཀྱི། །འགྲོ་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །རིན་ཆེན་གསེར་སྐྱེམས་འདི་འབུལ་ལོ། །བཞེས་ནས་གནོད་སེམས་མ་མཛད་ཅིག ༣་ཁ་བརྡར །བགེགས་དང་ལོག་འདྲེན་མན་ཆད་ནས། །བློ་བུར་ཡེ་འདྲོག་ཡན་ཆད་ཀྱི། །ལན་ཆགས་བདག་པོ་ཐམས་ཅད་ལ། །རིན་ཆེན་གསེར་སྐྱེམས་འདི་འབུལ་ལོ། །བཞེས་ནས་ཕྱིན་ཆད་གནོད་མ་བྱེད། །༣་བར། གཏོར་མ་འབུལ་བ་ནི། གཏོར་མར་བདུད་རྩི་སྦྲན། ཀྱཻ༏ ནམ་མཁའ་ལས་ནི་དཔངས་མཐོ་ཞིང༌། །ས་གཞིའི་ཁྱོན་ལས་རྒྱ་ཆེ་ལ། །རྒྱ་མཚོའི་ཀློང་ལས་གཏིང་ཟབ་སྟེ། །ཉི་ཟླ་གཉིས་ལས་ཆེར་གསལ་བ། །གཟུགས་སྒྲ་དྲི་རོ་རེག་བྱ་ཡི། །འདོད་པའི་ཡོན་ཏན་ལྔ་ལྡན་པ། །སོ་སོའི་གཏོར་མ་འདི་འབུལ་གྱིས། །རང་རང་ཡིད་བཞིན་ཐོབ་གྱུར་ཅིག །༣་ནས་ཕབ་པའི་བར་ཨོཾ་ཨ་ཀཱ་རོ་སོགས་བརྗོད་ནས་༧་བརྡུང་ལེན། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། ཞིང་བཅུ་ཚང་བའི་དགྲ་བགེགས་ཀྱི། །སྙིང་ལ་ལྕགས་ཀྱུ་ཅན་གྱིས་བཏབ། །སྐེ་ནས་ཞགས་པ་ཅན་གྱིས་བཅིངས། །ཡན་ལག་ལྕགས་སྒྲོག་ཅན་གྱིས་བསྡམས། ༧ །རྒྱབ་ནས་དྲིལ་བུ་ཅན་གྱིས་མཉེད། །གཤིན་རྗེའི་བཙོན་ཁང་འབར་བར་བསྒྱེལ། །མགོན་སྐྱབས་བྱེད་པའི་ལྷ་དང་ཕྲོལ། །ཡུངས་ཀར་རྒྱལ་པོ་ཐུན་གྱིས་བྲབས། ༧ །རྡོ་རྗེ་ཕུར་པས་སྙིང་ལ་བཏབ། །རྣོ་ངར་འཛོམས་པའི་རལ་གྲིས་གཏུབས། །ཐོ་བས་ཀླད་ནས་ཆེམ་ཆེམ་བཟོས། །གཏུན་ཤིང་བསྣུན་པས་རུས་པ་གཉགས། ༧ །ཤ་ཁྲག་རུས་པ་ཐམས་ཅད་ནི། །མཆོག་དང་དམན་པ་རྣམ་ལྔར་ཕྱེ། །མཆོག་ནི་སྲི་ཞུའི་མགྲོན་རྣམས་ཀྱི། །ཞལ་དུ་བསྟབས་བོ་ཁ་རཾ་ཁཱ་ཧི། ༧ །བར་མ་ཕོ་བརྒྱུད་མོ་བརྒྱུད་ཀྱི། །ཞལ་དུ་བསྟབས་བོ་ཁ་རཾ་ཁཱ་ཧི། །དེ་འོག་ལས་བྱེད་ཕོ་ཉ་ཚོའི། །ཞལ་དུ་བསྟབས་བོ་ཁ་རཾ་ཁཱ་ཧི། ༧ །གཞན་ནི་སྙིང་རྗེའི་མགྲོན་རྣམས་ཀྱི། །ཞལ་དུ་བསྟབས་བོ་ཁ་རཾ་ཁཱ་ཧི། །ལྷག་མ་ལན་ཆགས་མགྲོན་རྣམས་ཀྱི། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། ༧བརྡུང་ནས་ཕབ་༣བརྡུང༌། རྐང༌། གདང་འབྲུ་སྣ་ཀུན་ལས་གབ། ཀྱཻ༏ སྣང་ཚད་སྐུ་ལ་གྲགས་ཚད་གསུང༌། །དྲན་ཚད་ཐུགས་སུ་རང་རིག་པའི། ༣་རྐང་ །ཁྱབ་གདལ་མོས་གུས་ཆེན་པོ་འདིས། །རྩ་བརྒྱུད་བླ་མ་ཐམས་ཅད་བརྔན། ༣་ཁ་བརྡར །རྩ་ནི་ཡོན་པོ་རླུང་གིས་བསྲངས། །རླུང་ནི་ལོག་པ་མལ་དུ་སད། །དྭངས་མ་དབུ་མའི་མས་བསྐྱངས་པས། །དཀོན་མཆོག་རིན་ཆེན་རྣམ་གསུམ་བརྔན། ༣་ཁ་བརྡར །ཚུལ་ཁྲིམས་ཤིན་ཏུ་དག་པར་བསྲུངས། །དམ་པའི་ཆོས་ལ་ཐོས་བསམ་བྱས། །མ་ནོར་ཐར་པའི་ལམ་བསྒོམས་པས། །ཡེ་ཤེས་མགོན་པོ་ལྕམ་དྲལ་བརྔན། །བསྡུས་ན་འདི་ནས་༣་བར། གཡག་ལུག་དོམ་དྲེད་སྟག་གཟིག་སྤྱང༌། །དཔའ་བོ་བསྒྲལ་བའི་ཙིཏྟའི་ནང༌། །སྲོག་འཁོར་བལྟེམས་དང་བླ་རྡོའི་མཁར། །ལས་མཛད་མགོན་པོ་གསང་བའི་བརྔན། རོལ །འབྲུ་སྣ་ནག་པོ་ཁྲག་ལ་སྦྲུས། །ཟུར་གསུམ་དཀར་དམར་རྒྱན་གྱིས་སྤྲས། །འབྲས་བུ་རིན་ཆེན་རྣམས་ཀྱིས་ཀླུབས། །ལྷུན་ཆགས་གཏོར་མ་ནང་གི་བརྔན། རོལ །རྭ་རྣོ་རྨིག་པ་རྡོ་རྗེའི་གཟི། །ཁ་རླངས་མེ་ཡི་ཚྭ་ཚྭ་འཕྲོ། །སྤུ་གཞོལ་ཆར་སྤྲིན་གཉེར་འདྲ་བའི། །གཡག་ལུག་ནག་པོ་ཕྱི་ཡི་བརྔན། རོལ །སེང་གེ་སྟག་གཟིག་དོམ་དྲེད་དང༌། །ཕག་རྒོད་ཅེ་སྤྱང་འཕར་བ་དང༌། །ཁྱི་ནག་དུག་གི་མཆེ་བ་ཅན། །རོལ་དུ་ཁྲིད་པར་བྱེད་པའི་བརྔན། རོལ །གནམ་ལྕགས་འབར་བའི་མཆུ་སྡེར་ལ། །མཚོན་ཆ་ངར་མའི་གཤོག་པ་ཅན། །ཁྱུང་ནག་བྱ་རོག་ཀངྐ་སོགས། །བྱ་ཁྱི་ཀླད་ལ་ལྡིང་བའི་བརྔན། རོལ །སྣ་ཚོགས་མདངས་ཀྱིས་ཡིད་འོང་བའི། །རྨ་བྱ་ནོར་བུའི་མདོངས་སྒྲོ་ཅན། །འདབ་ཆགས་བྱ་ཡི་གར་མཁན་ཀུན། །སྤྱན་གྱི་གཟིགས་མོ་བསྐྱེད་པའི་བརྔན། རོལ །གདུང་བའི་མཆི་མས་མིག་གང་ཞིང༌། །འབོད་པའི་དབྱངས་བརྡ་ལྷང་ལྷང་གྲགས། །མཐུན་རྫས་མ་ཚང་མེད་བདར་བ། །མོ་བརྒྱུད་སྲུང་མ་རྣམས་ཀྱི་བརྔན། རོལ །ཤ་སྣ་སྙིང་སྣ་ཁྲག་སྣ་དང༌། །ཀླད་ཞག་གསུར་ཆེན་ཞུན་གྱི་སྒྲོན། །རྐང་གླིང་ཐོད་རྔ་རྔེའུ་ཆུང་སྒྲ། །ལྷ་སྲིན་དྲག་པོ་དགྱེས་པའི་བརྔན། རོལ །དཀར་གསུམ་མངར་གསུམ་སྨན་སྣ་དང༌། །འབྲུ་ཚོགས་རིན་ཆེན་ཤིང་གི་འབྲས། །དར་ཟབ་མཁོ་དགུའི་ཡོ་བྱད་ནི། །ས་བདག་ལྷ་ཀླུ་སྨན་སོགས་བརྔན། རོལ །དཔའ་བོ་ཞུབ་ཅན་སྟག་ཆས་བཏགས། །རལ་གྲི་འཕྱར་ཞིང་རུ་མཚོན་བསྒྲེངས། །གཏུམ་པའི་ངར་སྐད་གླུ་རུ་ལེན། །འདི་ནི་དགྲ་ལྷའི་རྒྱལ་པོའི་བརྔན། རོལ །ཐབས་ཤེས་གླང་ཆེན་མགྱོགས་པའི་རྟ། །དྲེའུ་དང་བོང་བུ་རྔ་མོང་དང༌། །ཆུ་གླང་མ་ཧེ་ལ་སོགས་པའི། །དགྲ་ལ་རྒྱུག་བྱེད་བཞོན་པའི་བརྔན། ༣་བར། ཀྱཻ༏ ཡུལ་གྱི་མིང་ནི་གདོང་དམར་བོད། །དཀར་པོ་སྐྱོང་བའི་བསྟན་མ་ནི། །རྡོ་རྗེ་ཀུན་བཟང་ཀུན་གྲགས་མ། །ཡ་མ་སྐྱོང་དང་བགེགས་ཀྱི་གཙོ། །སྤྱན་གཅིག་ཀླུ་མོ་དཔལ་གྱི་ཡུམ། །གྲགས་མོ་རྒྱལ་དང་བོད་ཁམས་སྐྱོང༌། །སྨན་གཅིག་ཟུ་ལེ་གཡར་མོ་བསིལ། །རེ་རེའང་འཁོར་ནི་སྨན་བཙུན་འབུམ། །ཡུལ་ལྷ་ཅི་ཡང་མདུན་དུ་བདར། །ཚང༌། །གཏོར་མ་གསེར་སྐྱེམས་རིན་ཆེན་ལྔ། །དར་ཟབ་མཁོ་དགུ་ཀུན་གྱིས་བརྔན། །༣་བར། ཀྱཻ༏ མི་གཙང་ཟས་སུ་ཟོས་པ་བསངས། །མི་གཙང་གོས་སུ་གྱོན་པ་བསངས། །དམ་གྲིབ་བཙོག་གྲིབ་གཤན་གྲིབ་བསངས། །བག་གྲིབ་ཡུགས་གྲིབ་མཛེ་གྲིབ་བསངས། །ཐབ་ཤོར་གཞོབ་ཤོར་བསྣོལ་ཤོར་སོགས། །ཉམས་གྲིབ་སྐྱོན་རྣམས་ཐམས་ཅད་བསངས། །ལྷ་དང་མི་ལ་གྲིབ་ཕོག་ཅིང༌། །སྐུ་གསུང་ཐུགས་དང་འགལ་བ་རྣམས། ཚང་ །བསངས་ཀྱི་མཆོད་པ་དམ་པ་འདིས། །ཐམས་ཅད་བྱང་ཞིང་དག་གྱུར་ཅིག །༣་ནས་བྲེལ་ལེན། ཀྱཻ༏ ད་ནི་འདོད་པའི་དོན་གསོལ་བ། །དེང་ནས་བདག་གི་ཁ་འཛིན་མཛོད། །མཐོ་བའི་ས་ནས་བྱ་ར་མཛོད། །དམའ་བའི་ས་ནས་མེལ་ཚེ་མཛོད། །མུན་པའི་ནང་དུ་སྒྲོན་མེ་སྤོར། །དགྲ་དཔུང་ཤིགས་ལ་བདུད་དཔུང་ཆོམས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ཚེ་དབང་ལོངས་སྤྱོད་རྒྱས་པ་དང༌། །བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །བྲེལ་ནས་༣་བརྡུང༌། གདང་སྣང་ཚད་སྐུ་ལས་གབ། ཀྱཻ༏ ཕུན་ཚུན་གཅིག་གིས་གཅིག་བསྟོད་ན། །ཧ་བོ་ཡི་ནི་གངས་བས་དཀར། ༣ །ཕན་ཚུན་གཅིག་གིས་གཅིག་སྨད་ན། །རོང་པོ་ཡི་ནི་རྫ་བས་ནག ༣་ཁ་བརྡར །དེ་བས་གཅིག་གིས་གཅིག་བསྟོད་འཚལ། །དེ་བས་ཆེ་བའི་ཆེ་བརྗོད་འཚལ། །དེ་བས་གཉན་པའི་བསྙེན་བཀུར་འཚལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ཀུ་རེ་ཀྱལ་ཁ་མ་མཛད་ཅིག ༣་ཁ་བརྡར །རུ་ང་ཕྲག་དོག་མ་མཛད་ཅིག །ས་ལ་ངའི་ཡིན་མ་ཟེར་ཅིག །ཡུལ་ལ་ངའི་ཡིན་མ་ཟེར་ཅིག །སྤྱན་གྱི་གཟིར་མིག་མ་ལྡོག་ཅིག །ཤང་ཀྱི་དུད་སྣ་མ་བུད་ཅིག །ཞི་གྱུར་བྱང་སེམས་ལྡན་གྱུར་ཅིག །རོལ་༣་ནས་ཕབ་བཅད་བཞག །ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། མ་འབྱོར་བ་དང་སོགས་དང༌། ལྷག་པ་དང་ནི་སོགས་ནས། དེ་ཡང་བཟོད་པར་མཛད་དུ་གསོལ། །རོལ་བྲེལ། ཀྱཻ༏ གཤེགས་སོ་གཤེགས་སོ་རྟེན་ལ་གཤེགས། །སྲི་ཞུའི་མགྲོན་རྣམས་སངས་རྒྱས་ཡུལ། །སྐུ་དང་ཡེ་ཤེས་ངང་དུ་གཤེགས། །མགོན་པོ་ཡོན་ཏན་མགྲོན་རྣམས་ནི། །མཆོག་གི་སྤྲུལ་སྐུའི་ཞིང་དུ་གཤེགས། །འགྲོ་དྲུག་སྙིང་རྗེའི་མགྲོན་རྣམས་ནི། །སྲིད་པ་གསུམ་གྱི་གནས་སུ་བྱོན། །ལན་ཆགས་ཤ་འཁོན་གཉེར་བའི་མགྲོན། །རང་རང་སོ་སོའི་གནས་སུ་གཤེགས། །བྲེལ་ནས་ཕབ་བཞག་རོལ་བྱ། རོལ་ཕབ་པ་དང་རྐང་འབུད། གཏོར་མ་དང་རཀྟ་ཕྱི་རོལ་གཙང་སར་གཤེགས། བདུད་རྩི་དང༌། ཕྱེ་མར་གྲལ་དུ་དྲངས། གསུམ་པ་རྗེས་ཀྱི་རིམ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྩ་གསུམ་ལྷ་ཚོགས་འགྲུབ་གྱུར་ནས། །སོགས་དང༌། གཉིས་པ་སྨོན་ལམ་ནི། སེམས་ཅན་ཐམས་ཅད་ནད་མེད་ཅིང༌། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གི་ལམ་གནས་གྲོལ་བ་ཡི། །སངས་རྒྱས་ཉིད་དང་ཕྲད་པར་ཤོག །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བ་དང༌། །ད་ལྟ་ཉིད་དུ་རྗེས་སྩོལ་བའི། །ལམ་དེ་ཉིད་ལ་གནས་པར་ཤོག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདི་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བྱེད་ཅིང༌། །སེམས་ཅན་སྡུག་བསྔལ་ཚོགས་ཀྱིས་གཟིར་ལས་སྒྲོལ། །སྨོན་ལམ་གྲུབ་རྒྱལ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨོན་ལམ་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ལས་དང་གློ་བུར་རྐྱེན་ལས་གྱུར་པ་ཡི། །སོགས་ནས། སྨོན་ལམ་རྣམ་དག་འགྲུབ་པར་ཤོག །གསུམ་པ་ཤིས་བརྗོད་ནི། རྡོ་རྗེ་འཆང་ཆེན་སོགས་དང༌། རྒྱ་གར་པཎ་ཆེན་སོགས་དང༌། ཆོས་སྐུ་གཟུང་འཛིན་སོགས་དང༌། ཡུལ་ཉི་ཤུ་རྩ་སོགས་དང༌། དུས་གསུམ་སངས་རྒྱས་སོགས་དང༌། ས་བཅུ་ཉིད་ལ་སོགས་དང༌། ཟབ་མོ་རྒྱུད་ཀྱི་སོགས་དང༌། དེ་ཡི་སྐུ་གསུང་སོགས་དང༌། བཅོམ་ལྡན་འདས་ཀྱི་སོགས་དང༌། ནོར་གྱི་དབང་ཕྱུག་སོགས་དང༌། ལོ་བརྒྱ་ཐུབ་ཅིང་སོགས་དང༌། བགེགས་རིགས་སྟོང་ཕྲག་སོགས་དང༌། འབད་དང་རྩོལ་བསོགས་དང༌། མི་འགྱུར་ལྷུན་པོ་སོགས་དང༌། གནས་འདིར་ཉིན་མོ་སོགས་དང༌། སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང༌། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང༌། །བསྟན་འཛིན་དཔོན་སློབ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག། །།

%d bloggers like this: