བདེ་གཤེགས་མཆོད་རྟེན་བརྒྱད།


2013122356127025

བདེ་གཤེགས་མཆོད་རྟེན་བརྒྱད་ཟེར་སླབ་སྲོལ་ཡོདཔ་ག་ར་གིས་མཁྱེན་རུང་ མཆོད་རྟེན་འདི་ཚུ་ ཡུལ་ག་ཏེ། ག་གིས། དེ་ལས་ག་ཅིའི་དོན་ལུ་བཞེང་ཡོདཔ་ཨིན་ན་ མཁྱེན་མི་དག་པ་ཅིག་མ་གཏོགས་མེདཔ་ཨིན་པས།
དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ རྒྱ་གར་གྱི་གནས་ཆེན་ལུམྦི་ནིའི་ཚལ་ལུ་ ངོ་མཚར་བའི་རྟགས་མཚན་བྱེ་བ་དང་བཅས་སྐུ་འཁྲུངས་པའི་སྐབས་ སྟོན་པའི་མཛད་པ་ཁྱད་པར་ཅན་རེ་སྟོནམ་ད་ དད་པ་ཅན་ཚུ་གིས་ རྗེས་སུ་དྲན་པའི་རྟེན་དང་ མཆོད་པའི་ཡུལ་ཁྱད་པར་ཅན་རེ་བརྩེགས་ཡོད་མི་ཚུ་ལུ་ ཤུལ་ལས་མཆོད་རྟེན་ཟེར་བའི་ མིང་གནས་དར་ཁྱབ་སོང་ཡོདཔ་ཨིན་པས།
མ་གཞི་མཆོད་རྟེན་ཚུ་གི་བཟོ་རྣམ་ བདུད་འདུལ་བྱང་ཆུབ་མཆོད་རྟེན་དང་འདྲ་རུང་ གདུགས་ཀྱི་ཁྱད་པར་ཡོདཔ་བཞིན་དུ་ སངས་རྒྱས་ཀྱི་མཆོད་རྟེན་ལུ་ གདུགས་༡༣དང་། རང་རྒྱལ་གྱི་མཆོད་རྟེན་ལུ་གདུགས་༧། ཉན་ཐོས་ཀྱི་མཆོད་རྟེན་ལུ་གདུགས་༤། ཕྱིར་མི་འོང་བའི་མཆོད་རྟེན་ལུ་གདུགས་༣། རྒྱུན་ཞུགས་ཀྱི་མཆོད་རྟེན་ལུ་གདུགས་༢། དེ་ལས་ སོ་སོ་སྐྱེ་བོའི་མཆོད་རྟེན་ལུ་གདུགས་མེད་རུང་ བྲེའི་ཐོག་ལུ་ ཉི་ཟླ་བཀལ་ནི་ཡོད་པའི་ཁྱད་པར་ཡོད་ལུགས་ཚུ་གསུངས་བཞག་ནུག།
༡༽ པདྨ་སྤུངས་པའི་ མཆོད་རྟེན་དེ་ ཧེ་མར་རྒྱ་གར་འཕགས་པའི་ཡུལ་ ལུམྦི་ནིའི་ཚལ་ལུ་ རང་ཟླ་༤ པའི་ ཡར་ཚེས་༡༥ ལུ་ སངས་རྒྱས་ཤཱཀྱ་ཐུབ་པ་ སྐུ་འཁྲུངས་པའི་སྐབས་ ཡབ་རྒྱལ་པོ་ཟས་གཙང་འཁོར་བཅས་ཀྱིས་བཞེངས་མི་ མཆོད་པའི་ཞིང་པདྨ་སྤུངས་པའམ་ བཀྲིས་འབྱུང་བའི་མཆོད་རྟེན་ཟེར་ བདེ་བཞིན་གཤེགས་པའི་ གཟུགས་ཀྱི་རྟེན་དང་པ་ཨིན་ཟེར་ཞུ་མི་དེ་ བཟོ་དབྱིབས་ཟླུམ་པོ་ པདྨ་པའི་རྣམ་པ་ཅན་ བང་རིམ་༤འམ་༨དང་ལྡན་མི་དེ་ལུ་ཞུཝ་ཨིན་པས།
༢༽ བདུད་འདུལ་ལམ་ བྱང་ཆུབ་མཆོད་རྟེན་དེ་ བདག་ཅག་གི་སྟོན་པ་ དགུང་ལོ་༣༥ བཞེས་པའི་སྐབས་ ས་ག་ཟླ་བའི་ ཡར་ཚེས་༡༥ ལུ་ ཡུམ་མ་ག་དྷ་འམ་ རྡོ་རྗེ་གདན་གྱི་ བྱང་ཆུབ་ཤིང་གི་དྲུང་དུ་ བདུད་ཀྱི་དམག་སྤུངས་བྱེ་བ་བཏུལ་ཞིནམ་ལས་ མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ལུ་ རྒྱལ་པོ་གཟུགས་ཅན་སྙིང་པོ་ཚུ་གིས་བཞེངས་མི་ དབྱིབས་གྲུ་༤ བང་རིམ་༤ དང་ལྡན་མི་དེ་ལུ་ བདུད་འདུལ་མཆོད་རྟེན་ནམ་ བྱང་ཆུབ་མཆོད་རྟེན་ཟེར་ ཞུཝ་ཨིན་པས།
༣༽ ཆོས་འཁོར་བཀྲིས་སྒོ་མང་མཆོད་རྟེན་དེ་ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ དགུང་ལོ་༣༥ བཞེས་པའི་སྐབས་ ལྷའི་དབང་པོ་བརྒྱ་བྱིན་དང་ ཚངས་པ་༢ ཀྱིས་ གསོལ་བ་བཏབ་ཡོདཔ་བཞིན་དུ་ རང་ཟླ་༦ པའི་ཚེས་༤ ལུ་ ཡུལ་ཝ་ར་ཎ་སི་ དྲང་སྲོང་ལྷུང་བའི་ རི་དྭགས་ནགས་ལུ་ བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་སྐབས་ འཁོར་ལྔ་སྡེ་བཟང་པོ་ཆ་ཁྱབ་ཀྱིས་བཞེངས་མི་ དབྱིབས་གྲུ་༤ དང་སྒོ་༤ དེ་ལས་ སྒོ་༨ དང་སྒོ་༡༢ སྒོ་༡༦ འབད་མི་དེ་ལུ་ བཀྲིས་སྒོ་མང་མཆོད་རྟེན་ཟེར་ཞུཝ་ཨིན།
དེ་ཡང་ སྒོ་༤སྦེ་བཞེངས་མི་དེ་ བདེན་པ་བཞིའི་བརྡ་མཚོན་དང་ སྒོ་༨དེ་ རྣམ་ཐར་༨མཚོན་པའི་བརྡ་མཚོན་ དེ་ལས་སྒོ་༡༢ སྦེ་བཞེངས་མི་དེ་ རྟེན་འབྲེལ་༡༢ ཀྱི་བརྡ་མཚོན་དང་ སྒོ་༡༦ སྦེ་བཞེངས་ཡོད་མི་དེ་ སྟོང་པ་ཉིད་༡༦ མཚོན་པའི་བརྡ་མཚོན་ལུ་བཞེངས་ཡོདཔ་ཨིན་པས།
༤༽ཆོ་འཕྲུལ་མཆོད་རྟེན་དེ་ ཡང་དག་པར་ རྫོགས་པའི་སངས་རྒྱས་ ཤཱཀྱ་ཐུབ་མཆོག་ལུ་ ཕྲག་དོག་བསྐྱེད་མི་ བདུད་དང་མུ་སྟེགས་པ་ཚུ་ བཏུལ་ཐབས་ལུ་ ཆོ་འཕྲུལ་ཟླ་བའམ་ རང་ཟླ་༡ པའི་ཚེས་༡ ལས་༡༥ ཚུན་ཚོད་ ཡུལ་མཉན་ཡོད་ཛེ་ཏའི་ཚལ་ལུ་ སངས་རྒྱས་ཀྱིས་ ཆོ་འཕྲུལ་བསམ་གྱིས་ མི་ཁྱབ་པར་སྟོན་ཏེ་ མུ་སྟེགས་པ་ཚུ་ རྫུས་འཕྲུལ་གྱིས་ ཕམ་བཏང་པའི་སྐབས་ ལི་ཙ་བིའི་འཁོར་ཚུ་གིས་ བཞེངས་མི་དེ་ལུ་ ཆོ་འཕྲུལ་ཆེན་པོའི་ མཆོད་རྟེན་ཟེར་ ཞུཝ་མས་ཟེར་ ཞུ་ནི་ཨིན།
༥༽   ལྷ་བབས་མཆོད་རྟེན་དེ་ སྟོན་པ་བཅོམ་ལྡན་འདས་ ལྷ་ཡུལ་སུམ་ཅུ་རྩ་སུམ་ལུ་བྱོན་ཏེ་ ཡུམ་སྒྱུ་འཕྲུལ་ལྷ་མོ་གིས་གཙོས་པའི་ལྷ་ཚུ་ལུ་ཆོས་སྟོན་པའི་ཚེ། མི་ཡུལ་གྱི་མི་ཚུ་མྱ་ངན་གྱིས་གདུངས་ཏེ་ མོོ་གལ་གྱི་བུ་གིས་ གདན་འདྲེན་ཞུཝ་བཞིན་དུ་ སྟོན་པ་བཅོམ་ལྡན་འདས་ རྒྱ་གར་གཡུས་གསལ་ལྡན་ལུ་ ལྷ་ལས་བབས་པའི་ཚེ་ དེའི་རྗེས་དྲན་གྱི་ཆེད་དུ་ ཨིན་དྲ་ཝ་རྨི་གིས་བཞེངས་པའི་མཆོད་རྟེན་དེ་ལུ་་ལྷ་བབས་མཆོད་རྟེན་ཟེར་ཞུཝ་ཨིན་པས།
༦   དབྱེན་ཟླུམ་མཆོད་རྟེན་དེ་ སྟོན་པ་བཅོམ་ལྡན་འདས ་འོད་མའི་ཚལ་ལུ་བཞུགས་པའི་སྐབས་ ལྷས་བྱིན་གྱིས་ སྟོན་པ་ལུ་ཕྲག་དོག་སྟེ་ དགེ་འདུན་གྱི་སྡེ་མེདཔ་བཟོ་ནིའི་འཆར་གཞི་བརྩམས་ད་ སངས་རྒྱས་ཀྱིས་ཐབས་མཁས་ཀྱིས་དབྱེན་ཟླུམ་པར་མཛད་པའི་ཚེ་  དེའི་རྗེས་དྲན་གྱི་ཆེད་དུ་ གྱད་བུ་བཞི་གིས་བཞེངས་པའི་མཆོད་རྟེན་ལུ་ དབྱེན་ཟླུམ་མཆོད་རྟེན་ཟེར་ཞུཝ་ཨིན་པས།
༧༽  རྣམ་རྒྱལ་མཆོད་རྟེན། སྟོན་པ་བཅོམ་ལྡན་འདས་ ཡངས་པ་ཅན་ལུ་ བདུད་ལས་རྣམ་པར་རྒྱལ་ཏེ་ སྐུ་ཚེ་བྱིན་གྱིས་བརླབས་པའི་ཚེ་  དེའི་རྗེས་དྲན་གྱི་ཆེད་དུ་ ལི་ཙ་བྱི་རྣམས་ཀྱིས་བཞེངས་པའི་མཆོད་རྟེན་ལུ་ རྣམ་རྒྱལ་མཆོད་རྟེན་ཟེར་ཨིན་པས།
༨༽  མྱ་འདས་མཆོད་རྟེན་དེ་ སྟོན་པ་བཅོམ་ལྡན་འདས་ རྩྭ་མཆོག་གྲོང་ལུ་ སྐུ་མྱ་ངན་ལས་འདས་པའི་ཚེ་ དེའི་རྗེས་དྲན་གྱི་ཆེད་དུ་ རྒྱལ་པོ་མ་སྐྱེས་དགྲ་ཡིས་བཞེངས་པའི་མཆོད་རྟེན་འདི་ལུ་ མྱང་འདས་མཆོད་རྟེན་ཟེར་ཞུཝ་ཨིན་པས།