དྲུག་པའི་ཚེས་བཞི།


ལོ་བསྟར་ར་ཧོར་ཟླ་དྲུག་པའི་ཚེས་༤འདི་ ནང་པ་ཆོས་ལུགས་འཛིན་མི་ཚུ་གི་དོན་ལུ་ དུས་ཆེན་རྩ་ཅན་ཅིག་སྦེ་ བརྩི་མི་དེ་ཡང་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་   ཡུལ་ཝ་རཱ་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ་ནང་ བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་དང་པ་བསྐོར་གནང་བའི་   དུས་ཆེན་ཁྱད་པར་ཅན་ཨིན།
སངས་རྒྱས་ཀྱིས་ དང་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་བསྐལ་པ་གྲངས་མེད་༣གྱི་རིང་ལུ་ ཚོགས་བསགས་ཏེ་ མཇུག་ར་སངས་རྒྱས་ཞིནམ་ལས་    སེམས་ཅན་ལུ་ཕན་ཐོགས་ཐབས་ལམ་གཞན་ཡོད་རུང་ མཆོག་ཏུ་འགྱུར་པ་དེ་ ཆོས་ཀྱི་འཁོར་ལོ་བསྐོར་ནི་དེ་ཨིནམ་སྦེ་གསུངས་ཏེ་    ཆོས་འཁོར་བསྐོར་གནང་མི་ལུ་བརྟེན་ དུས་ཆེན་ཁྱད་པར་ཅན་སྦེ་བརྩིཝ་ཨིན་པས།
སངས་རྒྱས་བཅོམ་ལྡན་འདས་  རང་ཟླ་༤པའི་ཚེས་༡༥ལུ་ མངོན་པར་རྫོགས་པ་སངས་རྒྱསཔ་ལས་འགོ་བཟུང་སྟེ་ཟླ་༦པའི་ཚེས་༤ཚུན་ཚོད་ལུ་དམ་པའི་ཆོས་ཀྱི་ ཟབ་གནད་ཁྱད་པར་ཅན་འདི་ རྟོགས་པར་དཀའ་བ་དང་ དགོས་པ་ཁྱད་པར་ཅན་ ཆོས་ཀྱི་འཁོར་ལོ་བསྐོར་ཐབས་ལུ་    གུས་ལྡན་གྱི་སློབ་མ་ག་ཡང་མེདཔ་མཁྱེན་ཞིནམ་ཟབ་བཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་སྟོན་ཀྱང་གོ་བར་མི་འདུག་པས།    །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ།།ཟེར་གསུངས་ཞིནམ་ལས་ ཆོས་མ་གསུངས་པར་ ཞག་བདུན་ཕྲག་༧བཞུགས་གནང་ཡོདཔ་ཨིན་པས།
དེ་གི་སྐབས་ལུ་ འཁོར་བའི་སེམས་ཅན་ཚུ་   སངས་རྒྱས་ལས་ཆོས་མ་ཐོབ་པའི་སྡུག་བསྔལ་དང་ ཚ་གྱང་ཕོག་སྡོད་པའི་སྐབས་   ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་༢ཀྱིས་    སངས་རྒྱས་བཞུགས་སར་བཅར་ཏེ་ སྨྲ་བའི་ཉི་མ་ཅི་སླད་དེ་རིང་བཏང་སྙོམས་བཞུགས། །དམ་པའི་ཆོས་ཀྱི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །དམ་པའི་ཆོས་ཀྱི་དུང་ནི་རབ་ཏུ་འབུད་དུ་གསོལ། །ཟེར་ཙན་དན་གྱི་ཕྱེ་མར་གཏོར་ཏེ་    ཆོས་ཀྱི་འཁོར་ལོ་བསྐོར་གནང་དགོཔ་སྦེ་གསོལཝ་བཏབ་རུང་ སངས་རྒྱས་ཀྱིས་ ཞལ་གྱིས་བཞེས་མ་བཏུབ་པས།

དེ་ལས་ལྷ་ཚངས་པ་གིས་    ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་སོང་ཞིནམ་ལས་  ལྷའི་དབང་པོ་བརྒྱ་བྱིན་ཡང་འཁྱིད་འོངམ་ད་ ལྷ་བརྒྱ་བྱིན་གྱིས་ སངས་རྒྱས་ལུ་ནོར་བུ་རིན་པོ་ཆེ་ཕུལ་ཏེ་ ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཐུབ་པ་ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཟེར་གསོལ་བ་བཏབ་རུང་ སངས་རྒྱས་ཀྱིས་ཞལ་གྱིས་མ་བཞེས་པས། ད་རུང་ ལྷ་ཚངས་པ་གིས    གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་ ཡང་བསྐྱར་དུ་ གསོལཝ་བཏབ་ད་ སངས་རྒྱས་ཀྱིས་    གསེར་གྱི་འཁོར་ལོ་ཡང་བཞེས་སྦེ་ ཚངས་པ་མ་ག་དྷའི་སེམས་ཅན་གང་། །རྣ་བར་ལྡན་ཞིང་དད་དང་ཤེས་རབ་ལྡན། །མི་འཚེ་འདུ་བྱེད་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། ། ཟེར་ཞལ་གྱིས་བཞེས་ནུག།
སངས་རྒྱས་ཀྱིས་ ཞལ་གྱིས་བཞེས་ཡོདཔ་བཞིན་དུ་ ཧེ་མ་ སངས་རྒྱས་ཁོ་ར་གིས་ སློབ་དཔོན་སྦེ་བསྟེན་མི་ སྦྱང་སླ་བ་དང་ འདུལ་སླ་བ་ ཤེས་རབ་གསལ་བ་དང་ སྒྱུ་རྩལ་ཤེས་ཀྱི་བུ་ རིང་འཕུར་དང་ ལྷག་སྤྱོད་༢ ལུ་ ཆོས་གསུངས་ནིའི་ ཐུགས་བཞེད་གནང་ཡོད་རུང་ ལྷག་སྤྱོད་ཤི་སྟེ་ ཞག་༧ དང་ རིང་འཕུར་ཤི་སྟེ་ ཞག་༢ སོང་ཡོདཔ་མཁྱེནམ་ལས་    སངས་རྒྱས་ཐུགས་ཕམ་བྱུང་ཡོདཔ་ཨིན་པས།   ཨིན་རུང་རང་ཟླ་༦པའི་ཚེས་༤ལུ་ རྒྱ་གར་ཝ་རཱ་ཎ་སི་གི་ས་གནས་    དྲང་སྲོང་ལྷུང་བའི་རིག་དྭགས་སམ་   ད་རེས་ནངས་པ་ སར་ནཱཐི་ཟེར་སར་འཁོར་ལྔ་སྡེ་བཟང་པོ་ ༡ཀུན་ཤེས་ཀཽཌིནྱ། ༢རྟ་ཐུལ། ༣རླངས་པ་ ༤མིང་ཆེན་། ༥བཟང་ལྡན་གྱིས་གཙོས་པའི་ ལྷ་དང་མི་ཀླུ་ཚུ་ལུ་   བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་གནང་ཡོདཔ་ཨིན་པས། བདེན་པ་བཞིའི་ཆོས་འཁོར་དེ་  སྐྱེས་བུ་ཆུང་ངུའི་དབང་དུ་བཏང་སྟེ་    བསྐོར་གནང་ཡོད་མི་དེ་ཡང་ སྡུག་བསྔལ་གྱི་བདེན་པ། ཀུན་འབྱུང་གི་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་ཟེར་ འཁོར་བ་དེ་ ག་དེ་སྦེ་ཨིན་ན་ སྡུག་བསྔལ་བདེན་པའི་ཐོག་ལས་ འཁོར་བ་ངོ་སྤྲོད་འབད། དེ་ལས་ སྡུག་བསྔལ་དེ་ཡང་ རྒྱུ་ཀུན་འབྱུང་ལུ་བརྟེན་བྱུངམ་ཨིནམ་ལས་    དེ་ལུ་ལམ་ག་ཅི་བསྟེན་དགོཔ་ཨིན་ན་ཚུ་ཧ་གོ་བཅུག་ནིའི་དོན་ལུ་ཨིན་པས།
དེ་བཟུམ་གྱི་དུས་ཆེན་ཁྱད་པར་ཅན་ཚུ་གི་སྐབས་ལུ་ ལས་དགེ་བ་དང་ མི་དགེ་བ་ག་ཅི་ར་གསག་རུང་ ཕན་གནོད་ཡང་རྒྱ་ཆེ་དྲགས་སྦེ་ར་ཡོད་ཟེར་ཨིནམ་ད་   དཔེར་ན་དུས་གཞན་ཚུ་གི་སྐབས་ ལས་དགེ་སྡིག་འབདཝ་ད་ ཕན་གནོད་བརྒྱ་ཆ་༥༠དེ་ཅིག་ཡོད་པ་ཅིན་ དྲུགཔ་ཚེས་༤ལུ་ཕན་གནོད་བརྒྱ་ཆ་༡༠༠སྦེ་འོང་ཟེར་མི་དེ་ཡང་ དུས་ཆེན་དེ་ལུ་ནུས་པ་འཕྱེལཝ་ལས་བརྟེན་ཨིན་ཟེར་ཨིན་པས། དེ་འབདཝ་ལས་ ང་བཅས་ར་ག་ར་ཨིན་རུང་ དུས་བཟང་གཞན་ཚུ་དང་ཕྱདཔ་ད་ དྲུགཔ་ཚེས་བཞིའི་སྐབས་ལུ ལས་དགེ་སྡིག་གཉིས་ཆ་ར་ ཕན་གནོད་ཡང་ལོག་ལྟབ་ཀྱིས་ཁྱད་པར་ཡོདཔ་ལས་  དགེ་བ་ལུ་བརྩོན་གནང་ཟེར་ཞུ་ནི་ཨིན།།

%d bloggers like this: