འགྲོ་མགོན་གཙང་པ་རྒྱ་རས་ཆོས་དབྱིངས་ལུ་ཕེབས་པ།


དཔལ་ལྡན་འབྲུག་པ་ཆོས་རྗེ་གཙང་པ་རྒྱ་རས་མཆོག་གིས་ གནམ་ལོ་ལྕགས་མོ་ལུག་ལོར་ བཀའ་དབང་ཁྱད་པར་ཅན་ཅིག་གནང་པའི་སྐབས་ གནམ་ཁར་གཞའ་སྤུབས་མེ་ཏོག་གིས་ཆར་བབས་སར་ མི་མང་གིས་མཐོངམ་མ་ཚད་ མཆོད་པའི་སྒྲ་ཚུ་ག་ར་གིས་གོ་ནུག འ་ནི་བསྒང་ཨམ་ཇོ་མོ་ཤེས་རབ་རྒྱན་གྱིས་ ཆོས་རྗེ་རིན་པོ་ཆེ་ལུ་འཚུབ་ཆག་ཡོད༌ནི༌འདི༌གིས༌ལྟས་ངན་པ་བྱུངམ་ཨིན་པས། དེ་བ་འདི་དབང་གནངམ་བཤོལ་ཏེ་སྐུ་རིམ་སྒྲུབ་པ་ཅིན་དྲག་འོང་ཟེར་ཞུཝ་ད། ཆོས་རྗེ་རིན་པོ་ཆེ་གིས་ངེའི་ལུས་ངག་ཡིད་གསུམ་གྱིས༌སེམས་ཅན་ལུ་ཕན་ཐོགས་འབྱུང་མ་ཚུགས་པ་ཅིན་ རིམ་འགྲོ་འབད་དེ་ག་ཅི་འབད་ནི་ཟེར་གསུངས་ཏེ་ བུ་སློབ་ལྔ་བརྒྱ་དེ་ཅིག་ལུ་དབང་གནང་ནི་འབད་བའི་སྟ་གོན་གྱི་ཕྱི་རུ་ སྐུ་ཁམས་དུམ་གྲ་ཅིག་མ་བདེཝ་ལས་ ད་རུང་སློབམ་ཚུ་གིས་དབང་གནང་ནི་བཞག་དགོཔ་སྦེ་གསོལཝ་བཏབ་རུང་ གསན་མ་བཏུབ་པར་ བཀའ་དབང་གནང་ནི་འབད་བའི་ཚེ་དྲོ་པ་ལས་སྙུང་གཞི་དྭངས་ཏེ་ དབང་བཞི་ཡོངས་རྫོགསཔ་གནང་ཚརཝ་ད། དུས་གསུམ་སངས་རྒྱས་དངོས་སུ་འབྱོན་རུང་ དེ་བཟུམ་ཅིག་ལས་བརྒལ་ཏེ་མེད་ཟེར་བའི་ངོ་སྤྲོད་དང་སྨོན་ལམ་ཡང་གནང་སྟེ་ ད་རིས་བཟུམ་ཅིག་གི་དགའ་བ་དུས་ནམ་ཡང་མ་བྱུངམ་ལས་ ང་བཅས་ར་ག་ར་སེམས་དགའ་ཤེསཔ་འབད་དགོ་ཟེར་གསུངས་ནུག། ཨིན་རུང་དེའི་ནངས་པ་ལས་ ལོག་སྐུ་གཟུགས་མ་བདེ་བར་བཞུགསཔ་ད། གནམ་མཁའ་ལས་ཉིམ་གསུམ་ཤར་བའི་ཁར་གཟིམ་ཁང་གི་མཐའ་བསྐོར་ཏེ་ གཞའ་འོད་ཀྱིས་གང་སྟེ་ལྟས་བཟང་པོ་སྟོནམ་ད། བུ་སློབ་ཆ་ཁྱབ་ཀྱིས་རིམ་འགྲོ་མཛད་དགོ་པའི་སྐོར་ལས་ཞུ་རུང་། ཆོས་རྗེ་རིན་པོ་ཆེ་གིས་ ང་རང་གིས་རྟེན་འབྲེལ་ཅིག་མ་འགྲིག་པ་ཅིན་ ཁྱེད་ཀྱིས་རིམ་འགྲོ་ག་དེ་ཅིག་ར་འབད་རུང་ང་ལུ་མི་ཕན། རྟེན་འབྲེལ་ཅིག་འགྲིག་པ་ཅིན་ གཞན་ག་ནེ་ཡང་ལོགས་སུ་སྦེ་འབད་དགོཔ་མེད་ ང་ཐང་བཏང་སྟེ་ཤི་བཅུག་ཁྱད་མེད། དེ་བ་འདི་ཁྱེད་རང་ཚོགས་རྫོགས་ཟེར་གསུངས་ཏེ་ཐུགས་དམ་མ་ཆད་པར་གནང་སྟེ་གསོལཝ་བཏབ་རུང་། སྐུ་ཁམས་དུམ་གྲ་ཅིག་ཡང་དྭངས་ནི་མེདཔ་ལས་སྐུ༌ཚེ༌མི༌བརྟན༌ནི༌མས༌ ཟེར་བསྟུན་གྲོས་རྐྱབ་སྟེ་ ཞལ་ཆེམས་གསུང་དགོ་པའི་གསོལཝ་བཏབ་ད། ཆོས་རྗེ་གཙང་པ་རྒྱ་རས་མཆོག་གིས་ ང་ད་རིས་རྩ་ལས་ར་མི་ཤི། མ་གཞི་ང་ཤི་རུང་མ་ཤི་རུང་ ཁྱེད་ལུ་སློབ་དཔོན་རབས་མ་ཆད་པར་ཡོད། ཕྱག་ཆེན་གྱི་ཉམས༌མྱོང༌ཐོབ༌མི་ཚུ་ཕའི་བུ་ཨིན་རུང་ སློབམ༌གསརཔ་ཚུ་སེམས་ངོ་འཕྲོད་པའི་བསྒང་ཡོད། དེ་མིན་པ་བླམ་གཞན་གྱི་ཞབས་སར་འགྱོ་དགོ་མནོ་མི་ཚུ་ཡང་སོང་། དེ་མེན་པ་ཅིན་ རྩ་བའི་བླ་མའི་མྱང་ངན་ལུ་ལོ་གསུམ་སྒོམས། དེ་ལས་ཚགས་ཁར་ཚུད་མི་ཚུ་གིས་མཚམས་སྡམ་སྟེ་འཁོར་སློབ་མ་སྐྱོངས། དེ་ལས་རྒས་ཤོས་ཚུ་གིས་རེ་རེ་གཉིས་གཉིས་འཁྱིད་དེ་ གངས་ཁྲོད་རི་ཁྲོད་འགྲིམ་དགོ།  དེ་ལས་མྱང་ངན་འབད་ལུགས་དེ་ཡང་སྔུ་ནིའི་མནོ་བསམ་ཡོདནི་སྔུ་ནི༌དང༌ གསོལཝ་བཏབ་ནིའི་མནོ་བསམ་ཡོད་པ་ཅིན་གསོལཝ་བཏབ།དེ་ལས་ཟླ་ངོ་རེ་རེ་གཉིས་གཉིས་བསོད་སྙོམས་ལྷང་པར་འགྱོ་རུང་ལོག་སྒོམས་རྐྱབ་ནི་སེམས་ཁ་ལས་མ་བརྗེད།ང་ལུ་སྟོང་ཉིད་སྙིང་རྗེ་ཡོདཔ་ཨིན། ཁྱེད་ཀྱིས་ཡང་དེ་གཉིས་དང་མ་བྲལཝ་སྦེ་མི་ཚེ་རྫོགས་བཅུག དུས་ནམ་ར་ཨིན་རུང་བླ་མའི་སྒྲུབ་པ་རྐྱངམ་ཅིག་ལུ་གཙོ་བོ་བཏོན་ཏེ་གསོལཝ་བཏབ་པ་ཅིན་ ཆོས་ཀྱི་སྐོར་ལས་དོགས་པ་འཐོན་རུང་། བླ་མ་གིས་གཉིད་ལམ་ནང་ལུང་བསྟན་གནངམ་ཨིན། ད་ལྟོ་གསོལཝ་བཏབ་མི་འདི་བ་ ཤུལ་མ་གསོལཝ་བཏབ་པ་ཅིན་བྱིན་རླབས་ཆེཝ་སྦེ་གསུངས་ཏེ་ཡོད། མ་གཞི་བླ་མའི་རྒྱུད་པ་འཛིན་མི་ལུ་ རབ་འབྲིང་ཐ་གསུམ་སྦེ་ཡོད་མི་དེ་ཡང་རྟོགས་པ་སྐྱོང་སྟེ་བཟང་ངན་འབྲིང་གསུམ་ སྤྱི་བོར་སྒོམ་པ་ཅིན་རབ་ཨིནམ་མ་ཚད། གདམས་ངག་ཐར་ལམ་ཚིག་གི་སྐོར་ལས་ག་ནེཡང་མ་ཤེས་རུང་གཞན་རྟོགས་པ་ལུ་བཀོད་པ་ཚུགས༌པ༌ཅིན་འབྲིང་ཨིན། དེ་ལས་རྟོགས་པ་རང་གིས་སྐྱོང་སྟེ་ གདམས་ངག་གཞན་གྱིས་གྲོལ་བ་ཅིན་ཐ་མ་ཨིནམ་ད། རང་གིས་གདམས་ངག་ག་ར་ཤེས་རུང་ སྒོམ་གཞན་ལུ་མ་སྟོན་པ་ཅིན་ཐ་མ་ཨིན། དེ་འབད་ནི་འདི་གིས་ ང་གིས་ཡང་གྲུབ་ཐོབ་གླིང་རས་ཀྱི་རྒྱུད་པ་མ་བཅད།ཁྱེད་ཀྱིས་ཡང་སྒོམ་ཕྱག་རྒྱ་ཆེན་པོ་ཡོད་དེ་འབད་རུང་དེ་ལུ་སློབམ་ཅིག་མེད་ཟེར་མནོ་བ་ཅིན་ དེ་ཡང་བསེ་རུ་བཟུམ་གྱི་རྣལ་འབྱོརཔ་ཨིནམ་ལས་ རྒྱུད་པ་མ་བཟུང་རུང་ཡང་འཐུསཔ་ཨིན། ང་གིས་ཁྱེད་ལུ་སླབ་མི་ཚུ་ང་སྡོད༌རུང༌མ༌སྡོད༌རུང༌ནམ་བཞག་གཏན་གྱི་ཁ་ཆེམས་ཨིན།ངེའི་གདམས་ངག་ཉམས་སུ་ལེན་ཏེ་བླ་མ་ལུ་ཞུ་ནི།ཕྱི་བྱང་ཆུབ་སེམས་སྦྱོངས། ནང་ཆགས་སེམས་མེདཔ་སྦེ་འབད་དགོ། ག་དེ་སྦེ་རང་ཨིན་རུང་ང་ལུ་མོས་གུས་བསྐྱེད་དེ་གསོལཝ་བཏབ་མི་ཚུ་རང་སེམས་ཆོས་སྐུར་རྟོགས་ན་ང་དང་མཇལ།།དམིགས་མེད་སྙིང་རྗེ་འབྱོངས་ན་ང་དང་མཇལ་། །མོས་གུས་གཤའ་མར་གྱིས་དང་དགོས་འདོད་ང་རང་ཤེས།     །དམ་ཚིག་སྡོམ་པ་སྲུངས་དང་ཅི་བསམས་བདག་རང་འགྲུབ།  །ཟེར་ཞལ་ཆེམས་དང་འཁྲུངས་རབས་ཚུ་ཡང་གསུངས་ནུག།

དེ་ལས་གསང་དགོན་ལུ་ གྲགས་པ་དབང་ཕྱུག་གིས་གཙོས་པའི་སློབམ་ཚུ་ལུ་ གཏུམ་མོའི་བྱིན་རླབས་མཛད་པའི་ཚོགས་གྲལ་ལུ་ དབོན་རས་དར་མ་སེངྒེ་གིས་ཆོས་རྗེ་རིན་པོ་ཆེ་ཡང་སྐུ་ཁམས་མ་བདེཝ་ཤུགས་ཆེ་སུ་ཅིག་ཨིན་པས་ བཟང་བའི་རྟེན་འབྲེལ་ཅིག་གནང་སྟེ་བཀའ་དྲིན་བསྐྱང་གནང་ཟེར་གསོལཝ་བཏབ་ད། ཆོས་རྗེ་རིན་པོ་ཆེའི་ཞལ་ལས་ ད་རིས་རྟེན་འབྲེལ་འཕྱུགས་སོ་ཡི། ག་ཅི་སྨོ་ཟེར་བ་ཅིན་འཆི་བདག་གཤིན་རྗེ་འདི་ར་དབང་ཆེ་བས། ང་མེད་པའི་ཤུལ་ལུ་ངེའི་གདན་ས་གོང་འོག་གཉིས་བདག་འཛིན་ག་འདེ་དྲག་དྲ་སྦེ་འཐབ་དགོཔ་མ་ཚད། དེ་ལས་ལོ་ངོ་གསུམ་ཚུན་ སྐུ་གདུང་ལུ་བཙོག་གྲིབ་མ་ཞུགས་པར་གསོལཝ་བཏབ་པ་ཅིན་ སྐུ་གདུང་ཆུང་སུ་སོང་སྟེ་ཤུལ་མ་བཀྲ་ཤིས་སྒོ་མང་སྦེ་བཏུབ། དེ་མ་ཚད་ཆོས་རྗེ་དྭགས་པོ་ལྷ་རྗེའི་བུ་སློབ་ཚུ་གིས་ ས་གནས་ག་ཏེ་ལུ་ཡང་ཁྱབ་ནི་ཨིན་པའི་ཁར། ནཱ་ལུ་ཡང་ངེའི་རྒྱུད་པ་འཛིན་མི་དར་ཞིང་རྒྱས་ནི་ཨིནམ་ལས་ བྱིན་རླབས་ཆུངམ་སྦེ་མི་འགྱོ་ཟེར་རྒྱུ་མཚན་ཅན་གྱི་ལོ་རྒྱུས་ལེ་ཤ་ར་གསུངས་ནུག།

%d bloggers like this: