གཞུང་འབྲེལ་ཡིག་རིགས་རྒྱལ་ཡོངས་སྐད་ཡིག་ནང་གཏང་དགོཔ།


རྒྱལ་ཡོངས་སྐད་ཡིག་རྫོང་ཁ་དར་ཁྱབ་དང་ ཡར་རྒྱས་གཏང་ནིའི་དོན་ལུ་ ཐབས་ལམ་ག་ཅི་བཟུམ་ཅིག་ར་བཏོན་རུང་ གཞུང་སྒེར་གྱི་ཡིག་འགྲུལ་གྱི་རིགས་ཚུ་ ཨིང་སྐད་ནང་འབད་ནི་དེ་གིས་ དེ་གུ་གོམས་འདྲིས་ཚུད་སོངཔ་མ་ཚད་ ད་ལྟོའི་སྐབས་ཀྱི་ཕྱག་ལཱ་གནང་མི་ ཞི་དྲག་དཔོན་ཁག་དང་འགོ་དཔོན་ཚུ་ ཨིང་སྐད་ཀྱི་ཤེས་ཡོན་མ་གཏོགས་ རྫོང་ཁའི་ཤེས་ཡོན་རྒྱ་ཆེ་ཏོག་ཏོ་མེད་ནི་འདི་གིས་ ལས་ཀྱིས་ར་ཡི་གུ་ཕར་ཚུར་གཏང་ནི་ཚུ་ ཨིང་སྐད་ནང་ར་སྟབས་བདེ་བས་ཟེར་བའི་བསམ་འཆར་བཀོདཔ་མ་ཚད་ ལག་ལེན་ཡང་དེ་སྦེ་འཐབ་མི་དེ་ རང་གི་སྟབས་བདེ་ཧིང་རྐྱངམ་ཅིག་མ་གཏོགས་ རྒྱལ་ཁབ་ཀྱི་རང་བཙན་ལུ་ཐུགས་བཞེད་མ་གནང་བའི་སྐྱོན་ཨིན་པས། དེ་འབདཝད་ རྒྱལ་རབས་༤པ་ ཆོས་རྒྱལ་བྱང་ཆུབ་སེམས་དཔའ་མི་དབང་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ མ་འོངས་པའི་རྒྱལ་ཁམས་ཀྱི་གནས་སྟངས་ཐུགས་ཁར་བསྣམས་ཏེ་ ལོགས་སུ་སྦེ་བཀའ་ཤོག་གསེར་གྱི་ཐིགས་པ་གནང་སྟེ་ཡོད་མི་དེ་ལུ་ མནོ་བསམ་འཐེབས་ཅིག་གཏང་སྟེ་ ལག་ལེན་འཐབ་པ་ཅིན་ ལས་རྒྱུ་འབྲས་ལུ་བརྩི་བཀུར་ཡོད་པའི་གྲས་ཁར་ཚུད་འོང་ཟེར་ཞུ་ནི།

རྫོང་ཁ་ཡིག་ཐོག་ལུ་འབྲི་ནི་ཤུགས་བཏོན་ནི་ཨིན་པ་ཅིན་ ད་ལྟོ་ཨིང་སྐད་ཐོག་ལས་གཏང་མི་ ཡིག་འགྲུལ་ལམ་ལུགས་ཚུ་བསྒྱུར་བཅོས་འབད་དེ་ རྒྱལ་ཡོངས་སྐད་ཡིག་ནང་གཏང་དགོ་པའི་དུས་ཚོད་ན་འཐན་ར་རན་ཆི་ནུག མནོ་བསམ་ན་འཐན་སྦེ་གཏང་བལྟ་བ་ཅིན་ དེ་སྦེ་གཅིག་མཚུངས་བཟོ་དགོཔ་དེ་ ལ་ཁག་བཅུ་གསུམ་ག་ནེ་ཡང་མེད་རུང་ རང་གི་ཁེ་ཕན་ལུ་བལྟ་སྟེ་ཟུར་ཐབས་འབདཝ་ཨིནམ་ ག་ར་གིས་མཁྱེན་སར་དང་གཟིགས་སར་ཨིན་པས།
དྲང་ཁྲིམས་ལྷན་སྡེ་ནང་ རྩོད་བཤེར་གྱི་འཁྲུན་ཆོད་ཚུ་ རྒྱལ་ཡོངས་སྐད་ཡིག་ནང་ལུ་བཏོན་དོ་ཡོད་པའི་ཁར་ གྲྭ་ཚང་དང་ཆོས་སྡེ་ཁག་ལུ་ རྩིས་ཁྲའི་རིགས་ཚུ་    རྒྱལ་ཡོངས་སྐད་ཡིག་ནང་འབདཝ་ཨིན་པས། དེ་བཟུམ་སྦེ་དྲག་ཁག་གསུམ་ནང་ཡང་ བདག་སྐྱོང་དང་འབྲེལ་བའི་ ཡིག་འགྲུལ་གྱི་རིགས་ཚུ་ རྫོང་ཁའི་ནང་འབད་དོ་ཡོད་མི་འདི་གིས་ སྟབས་མ་བདེཝ་ག་ནེ་ཡང་མ་བྱུང་པས།  དེ་འབདཝ་ལས་ རྫོང་ཁ་ཡར་རྒྱས་གཏང་ནི་ལུ་ ཐབས་ལམ་མེདཔ་མིན་པར་ དབང་འཛིན་གྱི་འགོ་དཔོན་ཚུ་ ཨིང་སྐད་ནང་ཤུམ་ཚུད་སོང་ནི་དེ་གིས་ བརྩི་མཐོང་ཆུང་བའི་སྐྱོན་ལུ་བརྟེན་ཨིནམ་ རང་བཞིན་གྱིས་ཧ་གོ་ཚུགས་པས་ཟེར་ཞུ་ནི་ཨིན།
རྒྱལ་ཁབ་ལ་ལུ་ཅིག་ནང་ རང་སོའི་སྐད་ཡིག་ལོགས་སུ་སྦེ་མེད་རུང་ ཨིང་སྐད་ནང་རང་སོའི་ཁ་སྐད་འབྲི་སྲོལ་ཡོད་མི་ལུ་ལྟ་བ་ཅིན་ ང་བཅས་རའི་རྒྱལ་ཁབ་ནང་ རྒྱལ་ཡོངས་སྐད་ཡིག་ཡོད་དེ་འབད་རུང་ ལག་ལེན་མ་འཐབ་མི་དེ་ གཙོ་བོ་ར་འཛིན་སྐྱོང་གི་དཀའ་ངལ་ལུ་བརྟེན་ཏེ་ཨིནམ་ལས་ ད་ལས་ཕར་ག་དེ་དྲག་དྲ་ཐབས་ཤེས་བཏོན་ཏེ་ རྒྱལ་ཡོངས་སྐད་ཡིག་ཡིག་ཐོག་ལུ་འབྲི་ནི་ལུ་མཉམ་འབྲེལ་མཛད་དེ་ མི་དབང་རིམ་བྱོན་ཚུའི་ཐུགས་འདོད་བསྒྲུབ་གེ་ཟེར་གསོལ་བཏབ་ཞུ་ནི་ཨིན།།

%d bloggers like this: