ནཱ་ལས་མར་ཕུལ་ནི་ལུ་དཔྱད་པ།


འཛམ་གླིང་ནང་ལུ་ ཁ་སྐད་ག་ཅི་ར་ཨིན་རུང་ ཉམས་འགྱུར་མེད་པ་ཡུན་རིང་གནས་དགོ་པ་ཅིན་ ཧེ་མ་སླབ་སྲོལ་ཡོད་པའི་མིང་ཚིག་གི་རྗོད་གཞི་དང་ སྒྲ་གདངས་ཚུ་འགྱུར་བཅོས་ག་ནེ་ཡང་མེད་པ་ ཞལ་ལས་ཞལ་རྒྱུན་ སྙན་ལས་སྙན་རྒྱུན་ ཕ་ལས་བུ་ བུ་ལས་ཚ་ཚུན་ སླབ་སྲོལ་ལུགས་ལུགས་གཞི་སྦེ་ཡོད་མི་དེ་ ཉམས་སྲུང་འབད་དགོཔ་དེ་གཙོ་ཆེཝ་ཨིན་པས། དེ་ལས་འབད་དགོཔ་ཟེར་རུང་ རྒྱལ་ཁབ་གོང་འཕེལ་དང་བསྟུན་ ཕྱི་ནང་གཉིས་ལས་གསརཔ་ཐོན་མི་ཅ་ཆས་ཀྱི་མིང་ཚུ་ རང་གི་ཁ་སྐད་ཐོག་ལུ་མིང་ཚིག་གསརཔ་བཟོ་ནི་ལུ་རྩ་འགེངས་དགོཔ་ཨིན་པས། དེ་འབདཝ་ད་ ང་བཅས་རའི་རྒྱལ་ཁབ་བཟུམ་ཅིག་ཨིན་པ་ཅིན་ རྫོང་ཁ་ངག་གཤིས་དང་མ་མཐུན་པའི་མིང་ཚིག་དར་ཁྱབ་སོང་ཡོད་མིའི་སྐོར་ལས་ལོ་རྒྱུས་སླབ་རུང་ ལ་ལུ་ཅིག་གིས་ ངག་གཤིས་ལུ་གཙོ་བོར་བཏོན་ནི་དེ་མ་བཏུབ་སྦེ་བདེན་ཁུངས་གཟང་མི་ཡང་ཡོདཔ་ལས་ རྗོད་སྒྲ་གཅིག་མཚུངས་བཟོ་ནི་ལུ་ལ་ཁག་འཚམས་ཅིག་འདུག
ད་ལྟོའི་གནས་སྟངས་ནང་ རྒྱལ་ཡོངས་སྐད་ཡིག་སྒྲ་དག་ཤོས་འདི་ ཐེད་ཐིམ་གཉིས་ལུ་ཆ་བཞག་དགོ་ཟེར་མིའི་ཐད་ ཧེ་མ་གི་དུས་ལུ་ རྫོང་གཞིས་ཕན་ཚུན་གཉིས་ནང་ ཆོས་སྲིད་གཉིས་ཀྱི་ཕྱག་ལཱ་གནང་མི་འགན་ཅན་དང་དཔོན་ཁག་གི་རིགས་ཚུ་ སྐྱེས་ས་ཤར་ནུབ་སྡེ་བཞི་ལུ་ཨིན་རུང་ རྫོང་གཞིས་ཕན་ཚུན་གཉིས་ལུ་ཕྱག་ཞུ་བའི་བསྒང་ལས་ ལས་ཀྱིས་ར་ རྫོང་ནང་སླབ་སྲོལ་ཡོད་པའི་ཁ་སྐད་དེ་ལུ་གོམས་འདྲིས་ཚུད་དོ་ཡོདཔ་ལས་ དུས་རྒྱུན་བརྡ་དོན་སྤྲོད་ལེན་འབད་མི་ཚུ་ལུ་སྒྲ་དག་ཤོས་སྦེ་ཆ་བཞག་ཡོདཔ་ལས་ རྫོང་གི་ཁར་འཁོར་ཆའི་གཡུས་ཚན་ནང་ཡང་དར་ཁྱབ་སོང་སྟེ་ཡོད་ནི་འདི་གིས་ ཐེད་ཐིམ་གཉིས་ལུ་སླབ་སྲོལ་ཡོད་པའི་ཁ་སྐད་འདི་ སྒྲ་དག་ཤོས་སྦེ་བརྩི་མི་དེ་ འདི་གིས་སྦེ་མེན་ནམ་ཟེར་མནོཝ་མས།
འབྲུག་ལུ་བར་སྐབས་ཅིག་ལས་ རྒྱང་བསྒྲགས་དང་རྒྱང་མཐོང་ནང་གསལ་བཤད་འབད་མི་དང་།  དེ་ལས་ཞལ་འཛོམས་འགོ་འདྲེན་འཐབ་མི་དང་ སྤྱན་འབུལ་ཞུ་མི་ཆ་ཁྱབ་ཀྱིས་ ནཱ་ལས་མར་ཕུལ་ནི་ ནཱ་ལས་མར་ཞུ་ནི་ཟེར་མི་དེ་ ཨིན་ཅི་མིན་ཅི་སླབ་དགོཔ་བཟུམ་སྦེ་མནོ་བསམ་བཏང་སྟེ་ ཚིག་འདི་ལོག་ཅི་ར་སླབ་སྲོལ་དར་ཁྱབ་སོང་སྟེ་ཡོད། མ་གཞི་ནཱ་ལས་མར་ཟེར་མི་ཚིག་སླབ་ནི་འདི་གནོད་པ་ཆེནམོ་ཅིག་མེད་རུང་ མང་ཤོས་ཀྱིས་དབྱེ་བ་མ་དཔྱད་པར་ག་ཐོབ་སྦེ་སླབ་མི་ནི་འདི་གིས་ ན་གཞོན་ལ་ལུ་ཅིག་གི་སྣང་ལུ་ དེ་སྦེ་སླབ་དགོཔ་འདྲས་ཟེར་དེ་ལུ་དཔྱེ་བལྟ་སྟེ་ ད་རུང་ཧེང་སྐལ་དར་ཁྱབ་གཏང་ནི་ལུ་ལྷན་ཐབས་འབདཝ་ཨིན་པས།
བར་སྐབས་ཅིག་ལས་ནཱ་མར་ཞུ་ནི་ཟེར་མིའི་ཚིག་སླབ་ནི་འདི་གིས་ སྟབས་མ་བདེཝ་སྦོམ་དང་ གོ་དོན་འཕྲོད་མ་ཚུགསཔ་མེད་རུང་ ཚིག་སྦྱོར་གྱི་ཐོབ་ལམ་དང་ རྗོད་བདེའི་དབང་ལུ་བཏང་སྟེ་ དེ་སྦེ་ལག་ལེན་འཐབ་ནི་དེ་ འོས་འབབ་ཅིག་མི་མཐོང་པས། དེའི་ནང་དོན་ཉིད་ལས་ རྒྱང་བསྒྲགས་ཁང་དང་ ཞལ་འཛོམས་གནང་ས་འདི་ ས་ཁོངས་མཐོ་དྲགས་ཅིག་དང་ ཉན་མི་ཚུ་ས་ཁ་དམའ་ས་བཟུམ་ཅིག་སྦེ་ནཱ་ལས་མར་ཞུ་ཚར་ཡི་ཟེར་ ས་ཁོངས་བརྩི་མི་དེ་ འོས་འབབ་ཅིག་མ་མཐོང་། ལས་རིམ་ཚར་ཅིག་འགོ་འདྲེན་འཐབ་པའི་སྐབས་ལུ་ གསལ་བཤདཔ་འདི་གིས་ནཱ་ལས་མར་ཟེར་བའི་ཚིག་འདི་ ཉུང་ཤོས་ར་ཚར་བདུན་ལས་ལྷག་སྟེ་སླབ་སར་གོཝ་ད་རྣཝ་ཚ་སི་སི་ཨིན་པས།
དབྱེ་དཔྱད་གནང་དགོཔ། ད་རིས་ཞུ་ནིའི་གནད་དོན་མང་རབས་ཅིག་ཡོད་པའི་ནང་ལས་ དོན་ཚན་དང་པ་ཞུ་ཚར་ཏེ་ ད་ནཱ་ལས་མར་དོན་ཚན་གཉིས་པ་འདི་ཞུ་ནི་ཨིན་ཟེར་བའི་སྐབས་ ཚིག་འདི་ལག་ལེན་འཐབ་པ་ཅིན་འོས་འབབ་ཡོད་རུང་། དེ་མིན་པར་ ས་ཁོངས་བཟུམ་ཅིག་སྦེ་ལག་ལེན་འཐབ་ཨིན་པ་ཅིན་ འཛོལ་བ་ཨིནམ་སྦེ་ཆ་བཞག་དགོ། ད་ལྟོའི་གནས་སྟངས་ལུ་དཔྱད་ལྟཝ་ད་ ས་ཁོངས་ལུ་སླབ་ཨིནམ་བཟུམ་ཅིག་འདུག དེ་ཡང་ག་དེ་སྦེ་ཟེར་བ་ཅིན་ འགོ་འདྲེན་པ་ཅིག་གིས་ ད་ལྟོ་ནཱ་ལས་མར་ངེའི་མཉམ་རོགས་ཀྱིས་ ཞལ་འཛོམས་ཚོགས་དགོ་པའི་སྐོར་ལས་ཞུ་ཡི་ཟེར་སླབ་མི་འདི་གིས་ ས་བཅད་ཀྱི་དོན་ལུ་སླབ་མིནམ་ རང་བཞིན་གྱིས་ཧ་གོ་ཚུགས་པས། འཇིག་རྟེན་པའི་གཏམ་དཔེ་ལུ་ དྲགས་ར་དྲགསན་ཨའི་གི་ཨོམ་ཡང་དུག།ཟེར་དོ་བཟུམ་སྦེ་ སྐབས་ཐོབ་དང་བསྟུན་ཏེ་སླབ་དགོཔ་མ་གཏོགས་ ལོག་ཅི་ར་སླབ་ནི་འདི་བསུན་པའི་གཞི་ཅིག་ཨིན་པས་ཟེར་ཞུ་ནི་ཨིན། ཨིན་རུང་ང་རང་མཐོང་རྒྱ་ཆུང་བའི་སྐྱོན་ཨིན་པ་ཅིན་ མཁྱེན་པའི་བདག་པོ་ཚུ་གིས་དགོངས་ཁྲེལ་མེདཔ་ཅིག་མཛད་གནང་ཟེར་ཞུ་ནི་ཨིན།

%d bloggers like this: